༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་ལ་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་བཀའ་ཆོས་འདས་ལོའི་འཕྲོ་སྐྱོང་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༧།༤༠ ཙམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་གཙོས་དད་ལྡན་སེར་སྐྱ་མི་མང་དང་། ཝའེ་ནམ་གྱི་དགེ་འདུན་པ་དང་བཙུན་མ་གཙོས་སེར་སྐྱ་མི་མང་། དེ་བཞིན་བོད་རིགས་གྲྭ་བཙུན་སྔགས་གསུམ་གཙོས་སེར་སྐྱ་མི་མང་གིས་རང་རང་སྐད་ཀྱི་ཐོག་རིམ་བཞིན་ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་ཞིང་། གསོལ་ཇའི་བར་གསེང་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ང་ཚོ་ཚང་མ་ནང་ཚགས་རེད། ངོས་ཀྱིས་དག་སྣང་གི་ལོ་རྒྱུས་ཤིག་བཤད་འདོད་བྱུང་། ན་ནིང་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ཆེད་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་བླ་ཆེན་དབུ་ཁྲིད་མང་པོ་མཉམ་དུ་འཚོགས་པ་རེད། དེ་དུས་ངོས་ཀྱི་སྣང་བ་ལ་ཡར་ཐོག་མཚམས་སུ་སངས་རྒྱས་བཅོམ་ལྡན་འདས་བཞུགས་འདུག་པ་ཧ་ཅང་གསལ་བོ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུངས་སོང་། ངོས་རང་ཧ་ཅང་དགའ་བོ་བྱུང་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པ་ཡིན། བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་བྱེ་རིལ་ཁ་ཤས་ཤིག་འདུག་པ་དང་། དེའི་ནང་ནས་ངོས་ལ་ཅོག་ལེ་ཊི་(chocolate)གཅིག་གསོལ་རས་སུ་གནང་ནས་ཧ་ཅང་བྱམས་པོ་གནང་བྱུང་། དེ་རྨི་ལམ་མ་རེད། དེ་ལྟ་བུའི་དག་པའི་སྣང་བ་ཧ་ཅང་གསལ་བོ་བྱུང་། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་རེད། ལུང་གི་བསྟན་པ་ལ་ཐོས་བསམ་བྱས་པ་དང་། རྟོགས་པའི་བསྟན་པ་ཉམས་སུ་བླངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ལ་གང་འཚམ་གྱིས་ཉམས་མྱོང་ཡོད་པས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐུགས་དགྱེས་པོ་བྱས་ཏེ་ངོས་ལ་ཧ་ཅང་བྱམས་པོ་གནང་བྱུང་། དེ་ལྟ་བུའི་སྣང་བ་ཧ་ཅང་གསལ་བོ་བྱུང་བས་སེམས་ལ་སྤོབས་པ་ལྟ་བུ་ཞིག་སླེབས་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་བྱིན་རླབས་ཀྱིས་སྐྱབས་འདུག་བསམ་པའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་བྱུང་། དུས་ད་ལྟའི་བར་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གིས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་སྟོན་པའི་ཆོས་ལ་འདི་ཉམས་ལེན་དང་། མི་ལ་བཤད་དེ་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་པ་བྱུང་།
དུས་ད་ལྟའི་བར་དུ་འཛམ་གླིང་གང་སའི་ནང་པའི་ལུང་པ་ནས་ཁྱོད་ཚོ་ཕེབས་ཀྱི་ཡོད་པ་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཇི་མ་ཇི་བཞིན་ལུང་གི་ཆོས་འཆད་ཉན་བྱེད་པ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་པོ་རང་ཉིད་ཀྱིས་ཉམས་སུ་བླངས་ནས་མི་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་རྒྱུས་མཚོན་པའི་གང་ཐུབ་ཅི་ཐུབ་བྱེད་བཞིན་པ་དེ་ལྟར་ཡིན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་འདི་ཙམ་ཕྱིན་ཀྱང་། སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་སོས་པ་ལྟ་བུ་ཆགས་ཡོང་གི་འདུག ངོས་རང་གིས་སྟོན་པའི་ཞབས་འདེགས་བསམ་པ་རྣམ་དག་གིས་སྒྲུབ་པ་ཡིན། ངོས་རང་ད་དུང་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པའི་རྨི་ལམ་གྱི་སྣང་བ་ཧ་ཅང་གསལ་བོ་ཡོང་གི་འདུག དེར་བརྟེན། ད་ལྟ་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབས་ཡོད། ད་དུང་ལོ་བཅུ་བཅོ་ལྔའི་རིང་སྟོན་པའི་ཞབས་འདེགས་ཧུར་ཐག་གིས་སྒྲུབ་ཀྱི་ཡིན་ལ་སྒྲུབ་ཐུབ་ཀྱི་ཡོད་པ་ལྟ་བུ་འདུག ཁྱོད་ཚོ་ཚང་མ་བློ་བདེ་བོར་བཞུགས་རོགས།
སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་སོ་སོའི་རྒྱུད་དུ་སྐྱེས་དགོས་པ་ལས་ལྷ་ཁང་ནང་དུ་མེད། ལྷ་ཁང་རྫིག་པོ་ཡོད་པ་ཞིག་གིས་ཕན་གྱི་མེད། ང་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱས། དེ་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཡག་པོ་བྱས་ཏེ་རང་རྒྱུད་ལ་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་འདི་སོས་པ་ཞིག་ལག་ལེན་ཐོག་ནས་བསྐྱེལ་ཐུབ་ན་དེ་ནི་རྒྱལ་བ་དགྱེས་པའི་སྒྲུབ་པའི་མཆོད་པ་རེད། ངོས་ལ་མཚོན་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་ཤིང་། ༸རྒྱལ་དབང་གི་མིང་ཐོགས་པའི་ཐོག་ནས་ཆུང་ཆུང་སྐབས་ནས་ཆོས་ལ་སློབ་སྦྱོང་བྱས་པ་རེད། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་དུང་འབྱུང་འགྱུར་ཡང་ལོ་བཅུ་ཕྲག་ཁ་ཤས་ལ་སྟོན་པའི་ཞབས་འདེགས་སྒྲུབ་ཐུབ་པར་འཕེན་པ་གཏོང་གི་ཡོད་ལ་ཁྱོད་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ནི་དད་པ་གཅིག་པུ་མ་རེད། གཙོ་བོ་བསམ་བློའི་ཐོག་ནས་སྐྱོན་གྱི་རིགས་ངོ་ཤེས་པར་བྱས་ཏེ་ཉུང་དུ་གཏོང་དགོས། དེ་ལ་གལ་ཆེ་བ་གཅིག་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་པ་འདི་རེད། སྣང་ཞིང་སྲིད་པའི་ཆོས་རྣམས་ཀྱི་བཏགས་དོན་བཙལ་ན་རྙེད་རྒྱུ་མི་འདུག་ལ། ལྟོས་པ་མེད་པར་རང་དབང་གིས་གྲུབ་པ་གཅིག་ཀྱང་མེད། དེ་ལྟ་བུའི་རང་བཞིན་སྟོང་པ་ཉིད་ལ་བསམ་བློ་ཡག་པོ་བཏང་ནས་སེམས་ལ་ཚོར་བ་ཞིག་སླེབས་ཚེ་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དོན་སྟེང་ནས་ཡོད་པ་དང་། རང་བཞིན་གྱིས་ཡོད་པར་འཛིན་བཞིན་པའི་བློའི་རྐྱེན་གྱིས་ཆགས་སྡང་གི་བློ་སྐྱེས་པ་རིམ་བཞིན་མེད་པ་ཆགས་ཀྱི་ཡོད། འགྲོ་སྟངས་འདི་ནི་དངོས་ཡོད་གནས་ཚུལ་དང་། ཚན་རིག་དང་མཐུན་པ་རེད།
ངོས་རང་གིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གྱི་གཙོ་བོར་བྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་ཉམ་ཐག་པའི་སེམས་ཅན་བྱ་བྱེའུ་སོགས་མཐོང་སྐབས་རང་བཞིན་གྱིས་སེམས་སུ་སྐྱོ་སྣང་སླེབས་པ་དང་། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་ཚིག་འདི་དག་གི་ཐོག་ནས་བྱང་ཆུབ་སེམས་ཀྱི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཡོང་གི་འདུག ཅེས་སོགས་ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་ལ་གོམས་འདྲིས་བསྟེན་དགོས་པ་དང་། ཐོག་མར་ཁག་པོ་ཡོད་ནའང་གོམས་འདྲིས་བསྟེན་ན་རིམ་གྱིས་གོམས་པར་འགྱུར་རྒྱུ་ཡིན་པའི་སྐོར་དང་། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་སོགས་ལ་བཀའ་སློབ་སྩལ་རྗེས། ཁ་སང་འཇུག་པ་རང་འགྲེལ་གྱི་སེམས་བསྐྱེད་གཉིས་པའི། དེ་བཞིན་དུ་ཚུལ་ཁྲིམས་དང་བྲལ་བའི་ཕྱིར་གནས་མ་ཡིན་པར་ལོངས་སྤྱོད་ཉེ་བར་ལོངས་སྤྱོད་པ་ལ་ཡང་ཤིན་ཏུ་བླུན་པས་སྔ་ན་མེད་པའི་འཕེན་པ་དང་བྲལ་བའི་ཕྱིར་དང་། ཞེས་པ་ནས་སེམས་བསྐྱེད་གསུམ་པའི་མཇུག་བར་བཀའ་ཆོས་གནང་མཚམས་ནས། དེ་རིང་སེམས་བསྐྱེད་བཞི་པ་ཡོངས་རྫོགས་ཀྱི་བཤད་ལུང་བཀའ་དྲིན་སྩལ་རྗེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཐེངས་འདིའི་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་པ་དང་། ཐེངས་འདིའི་གསུང་ཆོས་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་གྲངས་ ༦༥༠ གཙོས་རྒྱལ་ཁབ་ ༥༦ ནས་ཆོས་ཞུ་བ་ཁྱོན་བསྡོམས་ ༥༧༠༠ བརྒལ་བ་ཕེབས་ཡོད། །