༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་དགུའི་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་དཔལ་ལྡན་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཆིབས་བསྒྱུར་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། དེ་བཞིན་དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་འཚམས་འདྲི་དང་། ང་ཚོ་ཟླ་བ་དྲུག་གི་རྗེས་སུ་བསྐྱར་དུ་བོད་སྤྱི་པའི་ལས་དོན་ཐོག་ལ་ཞུགས་པའི་བསྐལ་བ་བཟང་པོ་དེར་འཚམས་འདྲི་དམིགས་བསལ་ཞུ་རྒྱུ་ཡིན།དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དེ་རིང་ནས་རྩིས་པའི་ལས་ཉིན་དགུ་ཚོགས་འདུ་བསྐྱང་རྒྱུའི་དུས་ཚོད་ཆགས་ཡོད། དེ་སྔོན་མང་གཙོའི་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་གསལ་བ་གཞིར་བཟུང་རེད། སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ནས་རེད། དེ་བཞིན་ང་རང་ཚོའི་སྤྱི་ཚོགས་དང་འབྲེལ་བའི་ལས་དོན་གནང་ཕྱོགས་ང་ཚོས་མང་གཙོའི་དུས་ཆེན་གྱི་གསུང་བཤད་ནང་སྙན་སེང་ཞུས་ཡོད། སྐབས་བཅུ་བདུན་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ང་ཚོའི་བོད་མིའི་འདུ་སྡོད་ཁག་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་རྒྱུ། དེ་བཞིན་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱིས་དམིགས་བསལ་གྱི་གོ་བསྡུར་བྱས་ནས་ཐབས་བྱུས་ཚོགས་འདུ་ཐེངས་གསུམ་ཙམ། དེ་བཞིན་ཞུ་གཏུག་གི་ཟབ་སྦྱོང་དང་དེ་འདྲའི་ཐོག་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། ང་ཚོས་སྤྱི་པའི་ལས་དོན་ཞིག་བྱེད་དགོས་ཀྱི་ཡོད་དུས་སྤྱི་པའི་ལས་དོན་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཡིན་ནའང་འདྲ། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ཡིན་ནའང་འདྲ། བོད་ནང་གི་གནས་སྟངས་ཡིན་ནའང་འདྲ། དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ཆོས། རིག་གཞུང་། སྐད་ཡིག་ དང་འབྲེལ་བའི་ཐོག་ནས་མཁྱེན་པ་རྒྱས་པོ་ཞིག་ཡོང་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། དེ་འདྲའི་དམིགས་བསལ་གྱི་རོགས་ཚོགས་ཁག་རེད། དེ་ཚོ་མཉམ་དུ་གོ་བསྡུར་བྱས་ནས་ང་ཚོས་ལས་དོན་དེ་ཚོ་ཚགས་ཚུད་པོ་དང་ཡག་པོ་བྱུང་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་བཞིན་ས་བགོས་ཕྱོགས་བསྐྱོད་སྐབས་སུ་ཡིན་ནའང་། རྒྱ་བལ་འབྲུག་གསུམ་རེད། དེ་བཞིན་ཕྱི་རྒྱལ་གྱི་བོད་རིགས་ཁག་རེད། དེ་ཚོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་གོ་རྟོགས་སྤེལ་རྒྱུ་དང་། མང་ཚོགས་ཐོག་ནས་བདེ་སྡུག་གི་གནས་སྟངས་དེ་དག་གསན་བཞེས་གནང་རྒྱུ། དེ་དང་འབྲེལ་བའི་ཐོག་སྙན་ཐོ་ཡར་ཕེབས་རྒྱུ་དང་། དེ་ནས་འཛིན་སྐྱོང་བཀའ་ཤག་ལ་ཕར་ཕུལ་ནས་མཇུག་སྐྱོང་གནང་རྒྱུ་དེ་དག་ཧ་ཅང་ཡག་པོ་བྱུང་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན།དེ་ནས་མང་པོ་ཞིག་གི་མཁྱེན་གྱི་ཡོད་པ་རེད། སྐབས་བཅུ་བདུན་པའི་གྲོས་ཚོགས་འདིའི་ཐོག་ནས་རྒྱ་གར་གྱི་མངའ་སྡེ་ཁག་ལ་བོད་དོན་ཞུ་གཏུག་བྱ་རྒྱུ་འདི་གལ་ཆེན་པོ་ཞེ་དྲག་མཐོང་གི་ཡོད། རྒྱ་གར་རྒྱལ་ཁབ་འདི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཆགས་ཡོད། ལྷག་པར་བཙན་བྱོལ་གྱི་གནས་བབ་ཀྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ས་འདི་རྒྱ་གར་གྱི་ས་གནས་ནང་ཆགས་སྡོད་སྟབས་ང་ཚོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཙམ་མ་ཟད་རྒྱ་གར་མང་ཚོགས་ཐོག་ནས་བོད་དོན་ཐོག་ལ་མཁྱེན་པ་ཡོང་དགོས་རྒྱུ་དང་བློ་ཉེ་པོ་ཡོང་ཐུབ་དགོས་རྒྱུ་འདི་གལ་ཆེ་པོ་ཞེ་དྲག་མཐོང་ནས་ང་ཚོའི་སྤྱི་འཐུས་རྣམ་པ་སྡེ་ཚན་ཁག་ ༡༡ ལ་ཆ་བགོས་བྱས་ནས་ལོ་གཅིག་གི་དུས་ཚོད་བཞག་ནས་སྤྱི་འཐུས་ཀྱི་ཚོགས་ཆུང་ཁག་བཞི་ཙམ་ཞིག་ད་ལྟའི་ཆར་ཕེབས་ཟིན་པ་ཞིག་རེད། དེ་ཚོའི་ཐོག་ནས་ཡིན་ནའང་གནད་ཡོད་མི་སྣ་ཐུག་རྒྱུ་རེད། ལྷག་པར་མཐོ་སློབ་ཁག་གི་སློབ་ཕྲུག དེ་སྔོན་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བ་ཙམ་ཞིག་མ་གཏོགས་དེ་འདྲའི་ཡོང་རྒྱུ་ཁག་པོ་ཆགས་ཡོད། ད་ཆ་ང་ཚོས་དེ་འདྲའི་སྡེ་ཚན་ལ་སྙོབ་ཐུབ་རྒྱུ་དེ་དམིགས་བསལ་གྱི་བྱས་རྗེས་ཟེར་ནའང་མི་འདུག གྲུབ་འབྲས་ཟེར་ནའང་མི་འདུག དེ་ཚོ་ང་ཚོས་གལ་ཆེན་པོ་ཞིག་ཏུ་རྩིས་ཀྱི་ཡོད། མ་འོངས་པར་ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པས་ལས་འཆར་དེ་ཚོའི་ཐོག་ནས་དམིགས་བསལ་མ་འདྲ་བ་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་ཡི་ཡོད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།ང་ཚོས་ལས་དོན་གང་དང་གང་བརྩམས་པ་ཡིན་ནའང་། སྡེ་ཚན་ཟེར་ནའང་མི་འདུག གནད་དོན་རྒྱུ་མཚན་ཁག་གསུམ་ལྟ་བུར་བསམ་བློ་བཏང་ན་མ་འགྲིག་པ་མི་འདུག་བསམ་གྱི་འདུག གཅིག་འདི་བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་རེད། གཉིས་པ་འདི་ང་ཚོའི་སྒྲིག་འཛུགས་ཀྱི་གནས་སྟངས་རེད། གསུམ་པ་འདི་རྒྱལ་སྤྱིའི་ཁྱོན་ནང་ལ་བོད་དོན་གྱི་ཐོག་ལ་སྡེ་ཚན་མ་འདྲ་བ། དེ་ག་ནང་བཞིན་སྒྲིག་འཛུགས་མི་འདྲ་བ། གཞུང་དང་གཞུང་འབྲེལ་མ་ཡིན་པ་ག་རེ་ཡིན་ནའང་། དེ་ཚོར་སྙོབ་ཐུབ་པར་བྱ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་རྒྱུ་མཚན་དང་གནད་འགག་དེ་གསུམ་ལ་བརྟེན་ནས་ང་ཚོའི་ལས་དོན་རྩོམ་ཐུབ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། དེ་བཞིན་བོད་ནང་གི་བོད་མིའི་གནས་སྟངས་ལྟ་བུ་ཡིན་ནའང་། ང་ཚོའི་ནམ་རྒྱུན་གསུང་བཤད་ཁག་དེ་ཚོའི་ནང་ལ་ཡོང་གི་ཡོད་པ་རེད། “དམྱལ་བ་མི་ཡུལ་ཏུ་འཕོས་པ་ལྟ་བུ།” དེ་བརྒྱ་ཆ་བརྒྱ་ཐེ་ཚོམ་མེད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་གནས་སྟངས་ལྟ་བུ་ཞིག ཆུ་ཚོད་ ༢༤ ཟེར་ནའང་འགྲིག་གི་ཡོད་པ་རེད། དེ་འདྲའི་ཡ་ང་བའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཞིབ་ཚགས་ཞུས་པ་ཡིན་ན། ཆོས་དད་རང་དབང་གི་གནས་སྟངས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། འགྲོ་འདུག་སྤྱོད་གསུམ་གྱི་གནས་སྟངས། སོ་སོའི་སྐད་ཡིག་དང་། ཐ་ན་སོ་སོའི་བཟའ་རྒྱུ། འཐུང་རྒྱུ། བསྡད་ས་ཚུན་ཆད་བཀའ་འཁྲོལ་ཞུ་དགོས་རྒྱུ། སོ་སོར་བདག་དབང་ཡོད་པའི་སོ་སོའི་ས་གནས་ལ་དེ་འདྲའི་གནས་བབ་མང་པོ་ཞིག་མིར་བསྟུན་ནས་བྱ་དགོས་རྒྱུའི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་ནང་གི་བོད་མིའི་གནས་ཚུལ་དེ་ཚོ་དངོས་གནས་ཀྱི་གལ་ཆེན་པོར་བརྩི་ཡི་ཡོད།
དེ་ག་ནང་བཞིིན་གྱི་རྩོམ་པ་པོ་རེད། ཤེས་ཡོན་ཅན་རེད། གནད་ཡོད་མི་སྣ་མང་པོར་རྒྱ་མི་གཞུང་གི་ཐོག་ནས་མ་ཉེས་ཁ་གཡོགས་བྱ་རྒྱུ། བཙོན་འཇུག་བྱ་རྒྱུ། མནར་གཅོད་གཏང་རྒྱུ། དེ་འདྲའི་དཀའ་ངལ་མང་པོ་ཡོང་ཀྱི་འདུག དེ་ཚོའི་གྲས་ང་ཚོས་དུས་རྒྱུན་དུ་སེམས་ནང་དུ་འཁོར་དགོས་རྒྱུ་ཞིག་དང་། བོད་ནང་གི་བོད་མིའི་གནས་སྟངས་དེ་དག་ད་ལྟ་ཡིན་ནའང་ཛ་དྲག་གནས་སྟངས་ཆགས་ཡོད་པ་འདི་གསལ་པོ་ཞེ་དྲག་ཅིག་ཆགས་བསྡད་ཀྱི་འདུག
ང་ཚོས་གཤམ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ནང་ལའང་ཡོང་གི་རེད། སྐབས་དེ་དུས་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་བགྲོ་གླེང་ཡོང་གི་རེད། དེ་ཚོའི་གྲས་གནས་སྟངས་ཡོང་རྒྱུའི་རྒྱུ་མཚན་གཙོ་བོ་འདི་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་སྟངས་ལ་རག་ལས་པ་ཞིག་ཆགས་ཀྱི་འདུག རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་སྟངས་དང་འབྲེལ་བའི་ཐོག་ནས་ས་གནས་ཁག་གི་དཔོན་རིགས་ཀྱི་ཐོག་ནས་དགོངས་པ་བཞེས་ཕྱོགས་ཟེར་ནའང་མི་འདུག བསམ་བློ་གཏོང་ཕྱོགས་དང་སྟངས་འཛིན་བྱེད་ཕྱོགས་དེ་ཚོར་ཡང་རག་ལས་ཀྱི་འདུག དེ་ཚོ་གྲས་རྒྱ་ནག་གཞུང་གིས་དངོས་གནས་ཀྱི་བོད་ནང་གི་བོད་མིའི་བདེ་སྡུག་དང་གནས་སྟངས་ལ་བརྟེན་ནས་བསྐྱར་ཞིབ་ཅིག་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་འདུག རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་དང་། བོད་ཀྱི་དཀའ་རྙོག་དེ་ཟུར་ཞིག་ལ་བཞག་ནས་རྒྱལ་སྤྱིའི་ནང་འདྲ་མཉམ་དང་། གཟེངས་སུ་ཐོན་པའི་བསམ་བློ་བཏང་བ་ཡིན་ན། ཕལ་ཆེར་ནོར་བ་རེད་ཟེར་ན་ངོས་འཛིན་ཞུ་ཐུབ་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་བོད་ནང་གི་བོད་མིའི་གནས་སྟངས་དེ་ཚོ་གྲས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཡིན་ནའང་གལ་ཆེན་པོ་བརྩི་ཐུབ་དགོས་རྒྱུ་གནས་བབ་ཅིག་ཆགས་ཡོད།
རྒྱ་ནག་གཞུང་གི་འགོ་འཁྲིད་མཁན་རྣམ་པས་དུས་རྒྱུན་དུ་བོད་ཀྱི་གནས་སྟངས་ཐོག་ལ་ཐུགས་སྣང་གནང་ནས་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐུབ་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་རེད་བསམ་གྱི་འདུག ད་ལྟ་བར་དུ་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་ཕྱོགས་ལ་བརྟེན་ནས་ཕྱི་ལོ་ཆིག་སྟོང་དགུ་གྱ་བཅུ་གྱ་གྲངས་ནས་བཟུང་སྟེ། ཕྱི་ལོ་ ༢༠༠༨ ནས་རང་ལུས་མེར་སྲེག་གཏོང་མཁན་ད་ལྟ་ང་ཚོར་ར་འཕྲོད་བྱུང་བ་འདི་ ༡༥༧ ཆགས་ཡོད། ཁོང་རྣམ་པའི་མངོན་འདོད་འདི་ “བོད་ལ་རང་དབང་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོོག་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད།” དོན་དག་གཙོ་བོ་འདི་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་འགྲེལ་བཤད་ལོག་པ་རྒྱག་རྒྱུ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་དེ་འགེབས་སྲུང་བྱེད་རྒྱུ། དྲིལ་བསྒྲགས་ལོག་པ་སྤེལ་རྒྱུ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཧ་གོ་ཡི་ཡོད་པ་རེད། རྒྱ་ནག་གི་བྱེད་ཕྱོགས་དེར་ཡིད་ཆེས་མེད་པའི་གནས་སྟངས་ཧ་གོ་ཡི་ཡོད་པ་རེད། མུ་མཐུད་ནས་དེ་འདྲ་བྱེད་པ་ཡིན་ན་ཁུངས་འཁྱོལ་རྒྱུ་ཁག་པོ་ཆགས་ཀྱི་རེད་བསམ་གྱི་འདུག ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ནང་དུ་ཧ་ཅང་གི་ཉེན་ཁ་ཆེ་བའི་གནས་སྟངས་དེ་འདྲ་རྒྱ་ནག་ཐོག་ལ་ཉམས་ཞིབ་བྱེད་མཁན་ཚོས་བཀའ་མོལ་ཡོང་གི་འདུག ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལྟ་བུ་ཡིན་ན་ལས་ཡུན་གསུམ་པའི་ནང་དུ་ཡོང་གི་ཡོད་པ་རེད། འགན་འཁུར་ནས་གང་ལ་གང་འཚམ་འགྲོ་ཡི་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་གཟིགས་ཕྱོགས་དེ་ཤུགས་ཆེན་པོ་འགྱུར་བ་ཐེབས་ཡོད། རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལ་གནས་སྟངས་ཁ་གསལ་པོ་མེད་པ། ཕྱི་གསལ་ནང་གསལ་མེད་པའི་གནས་སྟངས་མང་པོ་ཞིག་ཡོང་དང་ཡོང་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ཚོའི་ཐོག་ལ་བལྟས་ནས་ང་ཚོའི་མ་འོངས་པའི་བྱེད་ཕྱོགས་ལ་གྲ་སྒྲིག་དང་གོ་སྐབས་དེ་འཛིན་ཐུབ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཡིན་ནའང་འདྲ། ང་རང་ཚོའི་སྒྲིག་འཛུགས་ཡིན་ནའང་འདྲ། བོད་ནང་གི་བོད་མི་རྣམ་པ་ཡིན་ནའང་འདྲ། ང་ཚོས་གོ་སྐབས་དེ་ཚོ་འཛིན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག
དེ་བཞིན་བོད་མིའི་སྤྱི་ཚོགས་ཟེར་ནའང་མི་འདུག བཙན་བྱོལ་གྱི་སྤྱི་ཚོགས་དེ་ཆབ་སྲིད་ཀྱི་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་ཡོད། ལོ་བཅུ་ཕྲག་དྲུག་ལྷག་འགྲོ་ཡི་ཡོད། དེའི་ནང་ལས་དོན་རླབས་ཆེན་པོ་ཟེར་ནའང་འགྲིག་གི་ཡོད་པ་རེད། ལས་དོན་གཟེངས་སུ་ཐོན་པ་ཟེར་ནའང་འགྲིག་གི་རེད། མང་པོ་ཞིག་ང་ཚོས་སྒྲུབ་ཐུབ་ཡོད། དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་རེད། དེ་བཞིན་ཁོང་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་ཀྱི་འཐབ་རྩོད་དང་རྩ་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་རེད། མང་པོ་ཞིག་གི་ཐོག་ནས་དོ་སྣང་དང་། རྒྱབ་སྐྱོར་གནང་བ། དེ་འདྲའི་གནས་སྟངས་སླེབས་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་ངོས་ནས་ཡིན་ནའང་སྤོབས་པ་དང་གཟི་བརྗིད་ལྡན་པའི་ཐོག་ནས་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་གནས་སྟངས་དེ་གལ་ཆེན་པོ་ཞིག་ལ་བརྩི་དགོས་རྒྱུ་དང་། དེ་ལས་གཞན་པའི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་རླབས་ཆེན་པོ་མང་པོ་ཡོད་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་དུ་བཀའ་སློབ་ཕེབས་པ་དེ་རེད། བོད་ཀྱི་སྐད་ཡིག་འདི་དམིགས་བསལ་མི་འདྲ་བ་ཞིག་ཡོད་པ། ལེགས་སྦྱར་གྱི་སྐད་དང་དོད་མཚུངས་པ། དེ་བཞིན་ནང་ཆོས་ལ་བལྟས་པ་ཡིན་ནའང་འཛམ་གླིང་གི་གཅེས་ནོར་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོར་ནོར་བུ་འདི་ཡོད། དེང་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད། རྒྱ་ནག སོག་པོ། བོད་དེ་དག་ལ་ནང་ཆོས་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞིག་ཡོང་ཐུབ་དགོས་ཀྱི་འདུག འདི་ཏན་ཏན་ཡོང་གི་རེད་ཅེས་རླབས་ཆེན་པོའི་དགོངས་པ་བཞེས་བཞུགས་ཡོད། དེ་ངས་ཧ་ཅང་གིས་གལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག
ང་ཚོ་བོད་མིའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་དགོས་ན། ཆབ་སྲིད་རང་གི་ཐོག་ནས་ང་ཚོས་བདེན་མཐའ་ག་ཚོད་ཙམ་གསལ་ཐུབ་ཀྱི་ཡོད་མེད་འདིའང་རྒྱུ་མཚན་བསམ་བློ་གཏོང་དགོས་པ་ཞིག་རེད། ད་ལྟ་བར་དུ་ང་ཚོའི་ཆོས་དང་རིག་གཞུང་འདིས་བོད་མི་རིགས། བོད་ཀྱི་བསྟན་སྲིད་ལ་རླབས་ཆེན་གྱི་བྱས་རྗེས་མང་པོ་བྱུང་ཡོད། སོག་པོ་རེད། རྒྱ་ནག་རེད། དེའི་ཐོག་ནས་གུས་བཀུར་ཆེན་པོའི་ཐོག་ནས་བོད་མཐོ་སྒང་ལ་གནས་ཐུབ་རྒྱུའི་དགེ་མཚན་མང་པོ་ཞིག་བྱུང་ཡོད། འདི་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་དག་ཧ་ཅང་གིས་གལ་ཆེན་པོ་ཆགས་དུས་ང་ཚོས་བསམ་བློ་དེ་ལས་མ་འདས་པའི་ཐོག་ནས་དགོངས་པ་བཞེས་ཕྱོགས་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། བོད་མི་ཚང་མས་དེ་དག་ལ་ཐུགས་སྣང་གནང་བའི་ཐོག་ནས་གལ་ཆེན་པོར་བརྩིས་ནས། དེར་བརྟེན་ནས་དགོངས་གཞི་དེ་ཡར་རླབས་ཆེ་རུ་འགྲོ་རྒྱུ་དང་། དགོངས་གཞི་སྒྲུབ་ཐུབ་རྒྱུར་ཐུགས་ཕན་ག་རེ་གསོ་ས་རེད། དེའི་ཐོག་ལ་དམིགས་བསལ་ཞབས་འདེགས་ག་རེ་ཞུ་དགོས་ཀྱི་འདུག དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་རེད། རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཀྱང་དེར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་དེ་ཞུ་རྒྱུ་ཡིན།
ད་རེས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ནང་མདོ་སྟོད་སྤྱི་འཐུས་ཟུར་པ་ཚུལ་ཁྲིམས་བསྟན་འཛིན་དམ་པ་སྐུ་གཤེགས་པ་ཁོང་གི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁུར་ཡོད། ཁོང་ལྟ་བུ་ཡིན་ན་གྲོས་ཆོད་ནང་གསལ་ཡོད། ལོ་ ༡༨ ནས་མ་གྲོངས་བར་ཟེར་ནའང་འགྲིག་གི་རེད། བོད་བསྟན་སྲིད་ཀྱི་ཆེད་དུ་ཞབས་འདེགས་ཞུ་མཁན་ཞིག་ཆགས་བསྡད་ཡོད། དེ་བཞིན་ལས་དོན་གཅིག་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་འཁུར་ཡོད། དེ་སྔོན་གྲོས་ཚོགས་ཀྱི་ནང་དུའང་ཐེངས་མང་པོ་ཞུས་ཡོད། ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་དམིགས་བསལ་བགྲོ་གླེང་བྱས། དེའི་ཐོག་ལ་འཛིན་སྐྱོང་དང་གྲོས་ཚོགས་རེད། མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། དམིགས་བསལ་འདི་ཐོག་ལ་ཞུ་དགོས་པ་དང་། ཁ་གསལ་པོ་བཟོ་དགོས་པ་ག་རེ་འདུག དེ་འདྲའི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་འཁུར་ཡོད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་རེད། ང་ཚོ་གོ་བསྡུར་དང་བགྲོ་གླེང་ཞིབ་ཚགས་པོ་ཡོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ལས་རིམ་གཞན་ཞིག་ལ་འཛིན་སྐྱོང་བཀའ་ཤག་གི་བརྒྱུད་ནས་ཁྲིམས་བཟོའི་ལས་རིམ་ཁག་གཅིག་གཉིས་ཤིག་ཕེབས་སོང་། དེའི་ཐོག་ལ་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་དང་འབྲེལ་བ་ཡོད་མེད་དེའི་ཐོག་ནས་ཞིབ་འཇུག་བྱེད་བཞིན་པ་ཡིན།
དེ་བཞིན་མང་གཙོའི་དུས་ཆེན་ཐེངས་ ༦༣ པའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དུའང་ཡོངས་གྲགས་གནང་བ་གཞིར་བཟུང་རེད། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་འདི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་སུ་ང་ཚོས་གྲོས་ཆོད་བཞག་ནས་གྲོས་ཆོད་དགོངས་དོན་གྱི་ཐོག་ནས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་ད་ལྟ་འགྲོ་བཞིན་པ་རེད། འདི་འཆར་ལོའི་ཕྱི་ཟླ་གཉིས་པའི་ཟླ་མཇུག་ལ་ཁྲིམས་སྒྲིག་འཆར་ཟིན་དང་། ལས་བསྡོམས་གཉིས་ཀ་སྐབས་དེ་དུས་འབུལ་གྱི་རེད། འདི་སྙན་སྒྲོན་ཞུ་རྒྱུ་ཡིན། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པ་འཛུགས་རྒྱུའི་གྲོས་ཆོད་ཅིག་འཁུར་ཡོད། དེ་ནམ་རྒྱུན་ལྟར་ཆགས་ཡོད། དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་དྲུག་པ་འདི་ནམ་རྒྱུན་ང་ཚོའི་བསམ་བློའི་ནང་འཁོར་བཞིན་པ། ཕྱི་ཟླ་ ༣ པའི་གྲོས་ཚོགས་ཟེར་དུས་སྔོན་རྩིས་ཀྱི་གྲོས་ཚོགས་འདྲ་པོ་ཞིག་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་ཟེར་དུས་ལས་བསྡོམས་ཀྱི་གྲོས་ཚོགས་ཞེས་མིང་དེ་འདྲ་བཏགས་བསྡད་ཡོད། བཀའ་བློན་ལྷན་ཁང་བདུན་གྱི་ལས་བསྡོམས་སྙིང་བསྡུས་འདི་སྙན་སྒྲོན་གནང་གི་རེད། འདིའི་སྔོན་དུ་སྤྱི་འཐུས་རྒྱུན་ལས་ལ་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པ་འདི་ཚུར་གནང་ཟིན་པ་རེད། དེར་སྤྱི་འཐུས་རྒྱུན་ལས་སྡེ་ཚན་གསུམ་ལ་ཆ་བགོས་བྱས་ནས་གཟིགས་པའི་རྗེས་སུ་དོགས་འདྲི་དང་བསམ་ཚུལ་དེ་ཚོ་རྒྱུན་ལས་ལ་འཁུར་ནས་རྒྱུན་ལས་ཀྱིས་གཏན་འབེབས་གནང་ནས་འཛིན་སྐྱོང་བཀའ་ཤག་ལ་ཕར་ཕུལ། དེ་ནས་འཛིན་སྐྱོང་བཀའ་ཤག་གིས་ཀྱང་ལན་འདེབས་གསལ་བཤད་དེ་ཚོ་འདིར་ཕེབས་ཀྱི་ཡོད། དེ་ཡིན་དུས་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་ཞིག་འདིའི་ཐོག་ལ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་ཞུ་རྒྱུ་ཡིན།
གྲོས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་གྲོས་ཚོགས་ནང་གི་ལས་དོན་ཡིན་ནའང་འདྲ་སྤྱི་ཚོགས་ནང་གི་གནད་དོན་ཡིན་ནའང་འདྲ་འདི་གླེང་སློང་བྱེད་དགོས་དང་མ་དགོས། འདི་སླེབས་ན་ཕན་ཐོགས་འདུག་གམ་མི་འདུག དེ་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་སོ་སོས་དགོངས་པ་བཞེས་རྒྱུ་རེད། གླེང་བ་ཡིན་ནའང་། སྡིགས་ར་ལྟ་བུ་དང་། ཟུར་ཟ་ལྟ་བུ་དང་། ཚིག་རྩུབ་དང་། ཁ་ངན་དང་། ཁོང་ཁྲོ་དང་། ང་རྒྱལ་དེ་འདྲའི་རྣམ་པ་དེ་མ་ཐོན་པ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ང་རང་ཚོར་རིག་གཞུང་བཟང་པོ་ཞིག་ཡོད་པ་རེད། སོ་སོས་རྒྱུ་མཚན་ཡོད་པ་ཡིན་ན་ག་རེ་ཡིན་ནའང་གསུང་ཆོག་གི་ཡོད། གསུང་རྒྱུའི་གོ་སྐབས་ཡོད། རྒྱུ་མཚན་མེད་པའི་ཐོག་ནས་འཛིན་སྐྱོང་ལ་ཡིན་ནའང་འདྲ། གྲོས་ཚོགས་འཐུས་མི་ནང་ཕན་ཚུན་ཡིན་ནའང་འདྲ། དེ་འདྲའི་ཟུར་ཟ་ལྟ་བུ་བྱེད་བསྡད་པ་ཡིན་ན་ང་ཚོའི་རིག་གཞུང་རང་ལ་ཉམས་ཆག་འགྲོ་ཡི་འདུག ཆེ་མཐོང་ལ་ཉམས་ཆག་འགྲོ་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད། གྲོས་ཚོགས་ཀྱི་ཆེ་མཐོང་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ཐག་གཅོད་ཡིན་ནའང་འདྲ། ཚོགས་གཙོ་གཉིས་གཅིག་པུར་འགན་ཡོད་པ་མ་རེེད། གྲོས་ཚོགས་ཀྱི་འཐུས་མི་ཚང་མར་འགན་ཡོད།
དེ་ཡིན་དུས་ཚང་མས་དགོངས་པ་བཞེས་ནས་གྲོས་ཚོགས་ཟེར་དུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟེར་དགོས་ཀྱི་ཡོད། བོད་མིའི་སྤྱི་ཚོགས་ཀྱི་མེ་ལོང་ལྟ་བུ་ཆགས་ཀྱི་ཡོད། མི་མང་པོ་ཞིག་གིས་འདིར་ངོས་འཛིན་བྱེད་ཀྱི་ཡོད། འདིར་དོ་སྣང་གནང་མཁན་མང་པོ་ཞེ་དྲག་ཡོད། ང་ཚོ་བོད་མིའི་སྤྱི་ཚོགས་ཙམ་མ་རེད། ང་ཚོ་དང་འབྲེལ་བ་ཡོད་པ་དང་མེད་པ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད། རྣམ་པ་ཚོས་མཁྱེན་གྱི་རེད། ང་ཚོས་ཞུ་གཏུག་ལས་འགུལ་དེ་འདྲ་སྤེལ་དུས་གནད་ཡོད་མི་སྣ་མང་པོ་ཞིག་གིས་དོ་སྣང་བྱས་པའི་གནད་དོན་མང་པོ་ཞིག་ཚུར་གསུང་ཡོང་གི་འདུག དེ་ཡིན་དུས་དོ་སྣང་བྱེད་མཁན་ཞེ་དྲག་ཡོད། དོ་སྣང་བྱེད་མཁན་དེར་ཐུགས་ཕན་གསོ་རྒྱུ་ཞིག་དང་། ང་ཚོའི་གནས་བབ་དང་གནས་སྟངས་དེ་འདྲ་ཞིག་རེད་འདུག་བསམ་རྒྱུའི་གནས་ཚུལ་འདྲ་མ་སོང་ན་ཆ་ཚང་ཞིག་སྤྲོད་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་ཞེ་དྲག་རེད་འདུག
ང་ཚོའི་སྤྱི་ཚོགས་ཡིན་ནའང་དགོངས་པ་བཞེས་དགོས་རེད་བསམ་གྱི་འདུག སྤྱི་ཚོགས་ཟེར་རྒྱུ་དེ་སྤྱིར་བཏང་གལ་ཆེན་པོ་རེད། འོན་ཀྱང་སྤྱི་ཚོགས་ཀྱི་ནང་ཆོལ་ཁའི་རྣམ་པ་ལྟ་བུ་ཐོན་པ་ཡིན་ན་ཡག་པོ་རྩ་བ་ཉིད་ནས་མ་རེད་བསམ་གྱི་འདུག བར་སྐབས་ཤིག་ནས་དེ་འདྲ་ཡོང་ཀྱི་འདུག ང་རང་ཚོའི་ཆབ་སྲིད་ཀྱི་གནས་བབ་རྩ་བ་ཉིད་ནས་རྩེ་ཐུབ་ཀྱི་མ་རེད། ང་ཚོར་མི་འབོར་ཡོད་མ་རེད། ང་ཚོར་དཔལ་འབྱོར་གྱི་ནུས་པ་ཡོད་མ་རེད། ང་རང་ཚོ་འདིར་མིའི་ལུང་པར་བསྡད་ཡོད་པ་རེད། ང་ཚོར་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་། གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་གནས་བསྡད་ཀྱི་ཡོད། དེ་འདྲའི་གནས་བབ་དེར་བསམ་བློ་བཏང་ནས་མི་ཚང་མས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་བསྡད་ཀྱི་ཡོད་པ་རེད། དུས་རྒྱུན་དུ་ནས་ང་ཚོ་ཆོལ་ཁ་གསུམ་ལྟ་བུར་མཚོན་ན་དུས་དང་རྣམ་པ་ཀུན་ཏུ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ཡིན་མ་གཏོགས་དེར་སྡེ་ཚན་དང་ཆ་བགོས་ལྟ་བུ་བྱས་ན་ཕན་ཐོགས་ཡོད་མ་རེད། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་འགྲུབ་པ་ཡིན་ན། མཚམས་རེ་ཏན་ཏན་ང་ཚོར་ཏོག་ཙམ་སོ་སོའི་འདོད་པ་མ་ཁེངས་པ་ཡོང་སྲིད་ཀྱི་རེད། དེའང་འདོད་པ་མ་ཁེངས་པ་ཡོང་སྲིད་པ་དེ་ལའང་སོ་སོས་བསམ་བློ་བཏང་ནས་འདོད་པ་ཁེངས་པ་བཟོ་ཆོག་གི་རེད་བསམ་གྱི་འདུག རྒྱལ་སྲས་ཞི་བ་ལྷས་གསུངས་ཡོད་རེད། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱེད་ཅི་ཕན། །བཅོས་སུ་ཡོད་པའི་ལས་ཀ་ཞིག་ཡོད་ན། དེར་ང་ཚོས་རེ་བ་རྒྱག་ཆོག་གི་རེད། བཅོས་སུ་མེད་པའི་གནས་བབ་ཡིན་ན། དེར་རེ་བ་ཡང་བརླག་འགྲོ་ཡི་རེད། དེ་ཡིན་དུས་དེ་ཚོ་བསམ་བློ་བཏང་ནས་སོ་སོའི་རིག་གཞུང་དང་འབྲེལ་བའི་ཐོག་ནས་སྤྱི་ཚོགས་ཀྱི་གནས་བབ་དེའང་གོང་མཐོར་གཏོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་ཡིན་དུས་ང་ཚོའི་སྒྲིག་འཛུགས་རེད། སྤྱི་ཚོགས་ནང་ང་ཚོར་རྒྱབ་སྐྱོང་བྱེད་མཁན་མང་པོ་ཞིག་གིས་སེམས་ཚོར་བྱེད་ཀྱི་འདུག དེ་ཡིན་དུས་དེ་ཚོའི་གྲས་ང་ཚོས་ཕྱོགས་ཡོངས་ཀྱི་ཐོག་ནས་དགོངས་པ་བཞེས་ནས་ང་ཚོའི་གནས་བབ་འདི་སོར་ཆུད་ཐུབ་དགོས་རྒྱུ། སྔར་ལས་ལྷག་པ་ཡོང་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་ག་ནང་བཞིན་གྲོས་ཚོགས་ནང་ལའང་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གི་ལན་འདེབས་གསལ་བཤད་རེད། ཁ་ཤས་ཀྱིས་སྤྱི་ཚོགས་ནང་ལ་བཅད་བཏུབ་བྱས་ནས་སོ་སོའི་འདོད་པ་གང་ཡོད་བྱས་ནས། དེར་དྲ་ཚོམས་དེ་འདྲའི་ནང་བཏང་། དེ་ནས་ཁ་ངན་བཤད། སྡིགས་ར་བཏང་བ་དེ་འདྲ་བྱེད་ཀྱི་ཡོད་པ་གོ་ཡོང་གི་འདུག དེ་ཚོའི་གྲས་རྩ་བ་ཉིད་ནས་མ་བྱེད་ཞུ་རྒྱུ་ཡིན། དེ་ཚོ་ཕན་ཐོགས་གང་ཡང་ཡོད་མ་རེད། དེ་ཚོས་གྲོས་ཚོགས་ཀྱི་ལས་རིམ་ལ་རྩ་བ་ཉིད་ནས་ཕན་ཐོགས་ཀྱི་མི་འདུག དེ་རྣམ་པ་ཚོ་སོ་སོས་འགན་བཞེས་ནས་རྣམ་པ་ཚོའི་མདུན་ལམ་དེར་བསམ་བློ་གཏོང་ཐུབ་ན་དེ་བས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་ཡོད། གྲོས་ཚོགས་ལ་དེས་ཕན་ཐོགས་ཀྱི་རེད། དེ་མ་གཏོགས་གྲོས་ཚོགས་ཀྱི་བཀའ་མོལ་ཚང་མ་སྲང་ལམ་གྱི་སྐད་ཆ་ལྟ་བུ་བཟོས། སོ་སོ་དེ་ལས་ལྷག་པ་ལྟ་བུ་ཞེ་དྲག་ཅིག་ཡིན་པའི་བཟོ་འདྲ་པོ་བཤད་ནས་དེ་འདྲ་ཡོང་གི་འདུག དེ་བརྒྱ་ཆ་བརྒྱ་ནོར་བསྡད་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། འཛིན་སྐྱོང་བཀའ་ཤག་རེད། དེ་མང་ཚོགས་ཀྱིས་འོས་འདེམས་བྱས་ནས་ཡར་ཡོང་བ་ཞིག་རེད་མ་གཏོགས་གནམ་ནས་བབ། ས་ནས་སྐྱེས་པ་གང་ཡང་མ་རེད། མི་མང་དང་བློ་ཉེ་བའི་ཐོག་ནས་འབྲེལ་ཡོད་པ་རེད། དེ་ཧ་གོ་དགོས་ཀྱི་རེད། དེར་རིན་ཐང་ཞིག་འཇོག་དགོས་ཀྱི་རེད། མ་གཏོགས་མི་མང་ཁ་ཁ། གྲོས་ཚོགས་ཁ་ཁ་འདྲ་པོ། དེ་འདྲའི་བསམ་བློ་བཏང་བསྡད་ན་ག་པར་ཡོང་གི་རེད། མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་ཏག་ཏག་བསྡད་ཀྱི་མ་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་མང་ཚོགས་ཡིན་ནའང་འདྲ། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཡིན་ནའང་འདྲ། དགོངས་པ་རྒྱ་ཆེན་པོ་བཞེས་རོགས་གནང་ཞེས་འདི་གཅིག་ཞུ་རྒྱུ་ཡིན།
དེ་ནས་དེ་ག་ནང་བཞིན་གྱི་འཛིན་སྐྱོང་བཀའ་ཤག་རེད། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། ད་ལྟ་བར་དུ་ཚོགས་གཙོ་སྦྲེལ་པོར་མཉམ་རུབ་ཀྱིས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང་། མ་འོངས་པར་དེ་ག་རང་མཐུན་འགྱུར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཆ་ཚང་ཡོད། དེ་ཡིན་དུས་དེ་ཚོའི་གྲས་མུ་མཐུད་ནས་ང་ཚོར་འབྲེལ་བ་ཡིན་ནའང་འདྲ། ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཡིན་ནའང་འདྲ། དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག ད་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་ཁང་རེད། གྲོས་ཚོགས་ནང་གི་བཀོད་པ་རེད། ཁ་ཤས་ཀྱིས་སྒོ་སྟོན་ཕྱོགས་ཀྱི་བཟུང་སྟེ་ང་ཚོའི་ནང་ཁུལ་དུ་གྲ་མ་འགྲིག་པ་ཡོང་བསྡད་པའི་གནས་སྟངས་དེ་འདྲ་ཆགས་ཀྱི་འདུག་ཟེར་ནས་སྐུལ་མ་ཐེངས་མང་པོ་ཞུ་མཁན་བྱུང་སོང་། དེར་བརྟེན་ནས་ང་ཚོའི་གྲོས་ཚོགས་ཀྱི་སྒོ་ཆེན་ཡིན་ནའང་མདུན་དུ་ཁ་བསྟན་རྒྱུ། ནང་ཁུལ་ཡིན་ནའང་བཀོད་པ་དེ་ཚོ་གང་ལ་གང་འཚམ་ཡར་རྒྱས་བཏང་ནས་བཅོས་ཐབས་བྱས་པ་ཡིན། སོང་ཙང་ཚང་མས་དགོངས་པ་བཞེས་ནས་སྤྱི་ཚོགས་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ལས་དོན་ཡིན་ནའང་འདྲ། བཀྲ་ཤིས་པ་ཡོང་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་བྱེད་དགོས་རྒྱུ་དང་ནུས་པ་བཏོན་དགོས་རྒྱུ་ཆ་ཚང་ཞིག་བྱས་ཡོད། ད་ལྟ་བར་དུ་ཧམ་པ་འདྲ་ཞིག་ཆགས་ཀྱི་ཡོད་ན་མ་གཏོགས་སྔར་བྱུང་མ་མྱོང་བ་ལྟ་བུ། གྲོས་ཚོགས་ཚོགས་འདུ་སྐྱོང་ཕྱོགས་རེད། ལས་དོན་ཚགས་ཚུད་ཕྱོགས་རེད། གནད་ཡོད་མི་སྣ་ཐུགས་ཕྱོགས་རེད་ཚང་མ་ཧ་ཅང་ཡག་པོ་འགྲོ་བསྡད་ཡོད། དེ་ཡིན་དུས་ང་རང་ཚོ་ཚང་མས་མཉམ་རུབ་ཀྱི་ནུས་པར་བརྟེན་ནས་ཡོང་བ་ཞིག་རེད་མ་གཏོགས་ཚོགས་གཙོ་ཚོགས་གཞོན་གཅིག་པུས་ཡོང་རྒྱུ་གང་ཡང་ཡོད་མ་རེད། དེར་འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་མཐུན་འགྱུར་ཡོད་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཀྱང་མཐུན་འགྱུར་ཡོད་རེད། དེ་ཡིན་དུས་དེ་མུ་མཐུད་ནས་དེ་ག་རང་དགོངས་པར་ཉར་རོགས་གནང་ཞུ་རྒྱུ་ཡིན།
དེ་རིང་གི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ལ་སྤྱི་འཐུས་གཅིག ཁོང་གི་མ་ཡུམ་འདས་སོང་པ་གྲགས། དེ་ཡིན་དུས་ཁོང་ལ་ཐུགས་གསོ་ཞུ་རྒྱུ་དང་། ཁོང་གྲོས་ཚོགས་ཀྱི་ལས་ཉིན་ཆ་ཚང་ཞིག་དགོངས་པ་ཞུས་སོང་། དེ་ག་ནང་བཞིན་གྱི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཙམ་ཞིག་ཚོགས་ཐེངས་འགའ་ཤས་ཤིག་ཡོང་ཐུབ་ཀྱི་ཡོད་ས་མ་རེད། དེ་མ་གཏོགས་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་དེ་རིང་གྲོས་ཚོགས་ལ་བཅར་ཐུབ་ཡོད་ཅེས་འདི་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།