༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༢༣ ཉིན་སུད་སིར་རྟེན་གཞི་བྱས་པའི་སུད་བོད་མཐུན་གྲོགས་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་བཞི་བཅུ་འཁོར་བའི་དགའ་སྟོན་སྲུང་བརྩི་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲེལ་ཡོད་རྒྱུན་ལས་ཚོགས་མི་རྣམས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་ཡོད་པ་རེད།
དེ་ཡང་དུས་ཆེན་མཛད་སྒོའི་ཐོག་སུད་སི་དོན་ཁང་གི་འབྲེལ་ལས་བསྟན་འཛིན་ཆོས་བཟང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཅོ་ཐོ་མ་སི་བྷུ་ཆི་ལི་ (Thomas Buchli) ལགས་སུ་ཕུལ་ཡོད། གསུང་འཕྲིན་ནང་མགོན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ཙམ་ནས་བཟུང་སུད་སི་གཞུང་དམངས་གཉིས་ནས་སྐྱབས་བཅོལ་བོད་མི་མང་པོར་གནས་ཚང་གཡར་བ་མ་ཟད། དགོས་ངེས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་འབྲེལ། ལྷག་པར་སུད་བོད་མཐུན་གྲོགས་ཚོགས་པས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་དོན་གོ་རྟོགས་སྤེལ་སླད་བོད་མིའི་སྒྲིག་འཛུགས་དང་བོད་མིར་རྒྱབ་སྐྱོར་ཕན་གྲོགས་རླབས་ཆེན་གནང་བར་བསྔགས་བརྗོད་མཛད་ཡོད་པ་རེད། གཞན་ཡང་མཛད་སྒོའི་ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་དང་། སུད་སི་དོན་ཁང་གི་བསྟན་འཛིན་ཆོས་བཟང་ལགས། སུད་སིའི་གྲོས་ཚོགས་འཐུས་མི་ཕེ་བིན་མོ་ལི་ན་ (Fabian Molina) ལགས། སུད་སི་གྲོས་ཚོགས་འཐུས་མི་པི་རིས་ཀ་བྷེ་རེར་ཧེ་མོ་ (Prisca Birrer Heimo) ལགས་སོགས་ཕེབས་ཞུགས་གནང་ཡོད།
སྤྱིར་སུད་བོད་མཐུན་གྲོགས་ཚོགས་པ་ནི། ཕྱི་ལོ་ ༡༩༨༣ ལོར་བོད་མིའི་རང་དབང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་དབུ་འཛུགས་ཞུས་ཤིང་། ཚོགས་པ་དེ་ཉིད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་པ་བཅས།།