༄༅། །ལྷོ་ཨ་རི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་བརྒྱུད་གནས་ཚུལ་ཤེས་རྟོགས་དང་ངོ་སྤྲོད་བྱུང་བ་བཞིན། མེཀ་སི་ཀོ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སལ་ཝ་ཊོར་ཀ་རོ་ (Salvador Caro) མཆོག་ལ་ཐའེ་ཝན་གཞུང་ནས་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་གདན་ཞུ་གནང་བ་ལྟར་ཆེད་ཕེབས་གནང་ཡོད། གྲོས་ཚོགས་འཐུས་མི་ཁོང་ཐའེ་ཝན་དུ་གཞུང་འབྲེལ་མཛད་འཆར་སྣ་མང་ཡོད་ཀྱང་། བོད་དོན་ཐོག་སེམས་ཁུར་དང་ཤ་ཚ་ཡོད་མཁན་མི་སྣ་ཞིག་ཡིན་པའི་ཆ་ནས་འདི་ག་དོན་ཁང་ནས་ཁོང་ལ་འབྲེལ་གཏུགས་ཀྱིས་མཇལ་འཕྲད་དུས་ཚོད་ཞུས་སྐབས་འཕྲལ་དུ་དགོངས་བཞེས་གནང་བ་མ་ཟད། ཁོང་ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦ ཐོག་འདི་ག་དོན་གཅོད་ལས་ཁུངས་སུ་དངོས་སུ་ཆེད་ཕེབས་ཀྱིས་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལས་བྱེད་ཚང་མས་དགའ་བསུའི་མཇལ་དར་སྒྲོན་ནས་ཕེབས་བསུ་ཞུས།དང་ཐོག་དོན་གཅོད་ཀྱིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ལས་བྱེད་རྣམས་ངོ་སྤྲོད་ཞུས་གྲུབ་མཚམས་དོན་གཅོད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་དོན་ཁག་དང་། དོན་ཁང་འཛུགས་དགོས་པའི་དམིགས་ཡུལ་བཅས་འགྲེལ་བརྗོད་ཞིབ་ཕྲ་གནང་། དེ་ནས་ཕན་ཚུན་དབར་རྒྱ་ནག་གཞུང་གི་འཛིན་པའི་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་དང་། ད་ལྟའི་བོད་ནང་གི་གནས་སྟངས། ལྷག་པར་མི་སེར་སྤེལ་ཡུལ་གྱི་གཏན་འཇག་སློབ་གྲྭའི་སྲིད་བྱུས་བརྒྱུད་མ་འོངས་བོད་རིགས་གཞོན་སྐྱེས་ཁྲོད་སོ་སོའི་སྐད་ཡིག་དང་། རིག་གཞུང་། གོམས་གཤིས་སོགས་རྩ་བརླག་གཏོང་རྒྱུའི་བྱུས་ངན་ཁག་འགྲེལ་བརྗོད་མཐིལ་ཕྱིན་པ་ཞུས།སྤྱིར་གྲོས་ཚོགས་འཐུས་མི་ཁོང་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ངན་པའི་སྐོར་གོ་རྟོགས་གང་ལེགས་འདུག་ཀྱང་། ད་རེས་ཕན་ཚུན་བཀའ་མོལ་བརྒྱུད་གནས་ཚུལ་མང་པོ་ཞིག་ཁ་གསལ་བྱུང་ལུགས་གསུངས་ཤིང་། ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པ་མ་ཟད་གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ཡང་གསུངས་ཡོད།
དེ་ནས་དོན་གཅོད་ཀྱིས་ཁོང་དོན་ཁང་གི་མཆོད་ཁང་དུ་གནས་མཇལ་ཆེད་གདན་ཞུ་གནང་བ་དང་། ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེས་ཨིན་སྐད་ཐོག་དོན་ཁང་གི་ཆོས་ཕྱོགས་ལས་དོན་དང་། ནང་ཆོས་ལ་དོན་དབྱིངས་ཡོད་པའི་ཐའེ་ཝན་མི་རིགས་རྣམས་ལ་ནང་ཆོས་སློབ་འཁྲིད་ཀྱི་ལས་འཆར་ཁག དེ་བཞིན་མཆོད་ཁང་ནང་གི་སྐུ་འདྲ་དང་སྐུ་ཐང་ཁག་འགྲེལ་བརྗོད་ཞུས། གྲོས་ཚོགས་འཐུས་མི་ཁོང་ཡང་ནང་ཆོས་ལ་དད་གུས་དང་སློབ་གཉེར་གནང་མཁན་ཞིག་ཡིན་སྟབས། དད་པ་ཆེན་པོའི་ངང་ཕྱག་འཚལ་བ་དང་མེཀ་སི་ཀོ་ནང་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ལོ་མང་སྔོན་ནས་འཛུགས་ཡོད་པའི་གནས་ཚུལ་ཁག་ཀྱང་འགྲེལ་བརྗོད་ཁ་གསལ་གནང་།དེ་ནས་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་དོན་གཅོད་ལས་ཁུངས་ནས་གྲོས་ཚོགས་འཐུས་མི་ཁོང་ལ་ཕེབས་བསུའི་ཆེ་བསྟོད་གསོལ་སྟོན་ཞིག་བཤམ་པ་དང། གསོལ་སྟོན་ཐོག་ཕན་ཚུན་མཛའ་བརྩེ་ཆེན་པོའི་ངང་མ་འོངས་ལས་དོན་སྤེལ་ཕྱོགས་དང་། སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་གནས་ཚུལ་མང་པོའི་སྐོར་བཀའ་མོལ་ལྷུག་པོ་བྱུང་ཞིང་། ཆུ་ཚོད་ ༩ ཐོག་དོན་ཁང་གི་རྩིས་པ་དང་ལྟ་གྲུབ་དགེ་རྒན་གཉིས་ནས་ཁོང་མགྲོན་ཁང་བར་དུ་ཕེབས་སྐྱེལ་ཞུས་པ་བཅས། །