༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༢ ཉིན་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕ་རན་སཱིའི་རྒྱལ་ས་པེ་རི་སི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཇེན་ལུཀ་རོ་མི་རོ་ (Jean-Luc Romero) ལགས་དང་མཇལ་མོལ་གནང་ཡོད།
ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་འཇུག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བྱུས་རྩོམ་བཞིན་པའི་གནས་སྟངས་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུས་ཡོད།
པེ་རི་སི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་མཆོག་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་རྒྱབ་སྐྱོར་ཕན་གྲོགས་མུ་མཐུད་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་སྟེ་ཕྱོགས་གཉིས་བར་གྲོལ་མོལ་དོན་ཕན་ལྡན་པ་བྱུང་ཡོད་པ་རེད།
སྤྱིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གི་སྐྱོན་བརྗོད་ལ་མ་ལྟོས་པར་སྐབས་དེའི་པེ་རི་སི་གྲོང་སྡེའི་སྤྱི་ཁྱབ་བྷར་ཊ་ནནྡ་དེ་ལ་ནོ་ (Bertrand Delanoë) མཆོག་ནས་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་གནང་ཡོད་པ་བཅས།།