༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་མང་གཙོའི་ལམ་ལུགས་བོད་མིར་གསོལ་སྩལ་གནང་འབྲས་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ཆོལ་གསུམ་ཆོས་བརྒྱུད་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་གསར་འཛུགས་བསྐྱངས་ཏེ་དེ་རིང་བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ ཉིན་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་ཉིན་མོར། མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བོད་མི་ཡོངས་དང་། བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཞི་བདེ་དང་དྲང་བདེན་ལ་དགའ་མོས་བྱེད་མཁན་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཆབ་སྲིད་ཀྱི་ལྟ་གྲུབ་ལྡན་པའི་མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རུས་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས། སྤྱི་ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ཁབ་མང་པོའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། བློས་གཏོང་མང་པོ་བྱས་ནས་གྲུབ་འབྲས་ལྡན་པ་བྱུང་ཡོད་མོད། བོད་མིའི་མང་གཙོ་ནི་མང་ཚོགས་ནས་རང་གི་མངོན་འདོད་འགྲུབ་ཐབས་ཀྱི་བསམ་ཚུལ་དང་བློས་གཏོང་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར་བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགོས་པ་དང་དགོངས་གཞི་གལ་ཆེར་བཟུང་སྟེ་བོད་མི་མང་ཚོགས་ལ་གསོལ་རས་གནང་བ་ཞིག་ཡིན།
ཕྱི་ལོ་ ༡༩༥༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆོས་སྲིད་གཉིས་ཀྱི་མཛད་འགན་བསྐྱེད་བཞེས་གནང་འཕྲལ་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་དུས་བསྟུན་བསྒྱུར་བཅོས་མཛད་ཆེད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་མཛད། བསྒྱུར་བཅོས་དེའི་གོ་རིམ་དངོས་གཞི་ཆ་ཚང་མ་བསླེབ་གོང་རྒྱ་དམར་བཙན་འཛུལ་བས་བོད་ས་ཡོངས་རྫོགས་ཧམ་བཟུང་དང་འགོག་རྐྱེན་བཟོས་པར་བརྟེན་དགོངས་དོན་ཇི་བཞིན་འགྲུབ་ཐུབ་མེད། འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཟིན་མ་ཐག་བཙན་བྱོལ་བོད་གཞུང་རྒྱ་གར་དུ་གཞི་ཚུགས་པ་དང་མཉམ་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང་། ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་སྩལ་བ་བཅས་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་གྱུར་ནས་བོད་མིའི་སྒྲིག་འཛུགས་འདི་ཉིད་དེང་དུས་ཀྱི་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་སྒྲོམ་གཞི་ཞིག་ཏུ་སྐྲུན་གནང་བཀའ་དྲིན་བསྐྱངས་ཡོད།
ལོ་ངོ་བཅུ་ཕྲག་དྲུག་ལྷག་གི་རིང་ང་ཚོ་བཙན་བྱོལ་དུ་གྱར་ཡོད་ཀྱང་རང་དབང་རང་བཙན་ལྡན་ཞིང་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཆེ་གྲས་ལྟར། བཙན་བྱོལ་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་གཞི་རིམ་བོད་མི་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་གི་ཡོད་པ་ལྟ་ཅི་སྨོས། ཁྱབ་ཁོངས་བོད་མིའི་འདུ་སྡོད་ས་གནས་ཁག་གི་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་ཁག་ཅིག རང་བདེན་ཚོགས་ཆུང་ཁག་བཅས་ཀྱང་མང་གཙོའི་འགྲོ་ལུགས་ལྟར་འོས་བསྡུ་བྱས་ཏེ་འདེམས་བསྐོ་གནང་ལམ་ཡོད་པ་མ་ཟད། ལས་དོན་བྱེད་སྐབས་ཐག་གཅོད་རྣམས་ཀྱང་མང་གཙོའི་འགྲོ་ལུགས་ལྟར་མང་མོས་འོས་བསྡུའི་ལམ་ནས་འགྲོ་བའི་གནང་ལམ་དེ་དག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་ལ་མང་གཙོའི་སྲོལ་བཟང་གསོལ་རས་གནང་བ་ནས་བཟུང་བཙན་བྱོལ་དུ་མང་གཙོའི་འགྲོ་ལུགས་དང་། སྒྲོམ་གཞི། དེའི་ནང་མི་མང་གིས་མཉམ་ཞུགས་བྱེད་ཕྱོགས་བཅས་ཀྱི་ཐོག་ལ་དུས་ཚོད་དང་ཉམས་མྱོང་གིས་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་རིམ་གྱིས་འཕེལ་རྒྱས་ཕྱིན་པ་རྣམ་པ་མངོན་གསལ་དུ་གྱུར་ཅིང་། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཏེ་བོད་ལ་ལོག་པའི་བསྐལ་བཟང་གི་ཉི་མ་འཆར་སྐབས་གཞིས་བཞུགས་སྤུན་ཟླ་རྣམས་ལ་མང་གཙོའི་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་རིན་ཐང་ལྡན་པའི་ལེགས་སྐྱེས་ཡག་ཤོས་དེ་ཆགས་ཡོད།
མང་གཙོའི་ཁྱད་ཆོས་མང་པོ་ཡོད་པའི་ཁོངས་ནས་གལ་གནད་ཆེ་བ་ཞིག་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གུས་བརྩི་ཞུ་རྒྱུ་དེ་ཡིན། མི་སུ་འདྲ་ཞིག་ཡིན་ཡང་སོ་སོའི་རང་དབང་དང་ཐོབ་ཐང་གལ་ཆེན་པོར་འཛིན་གྱི་ཡོད་པ་ནང་བཞིན། མི་གཞན་གྱི་གཞི་རྩའི་རང་དབང་དང་། ཐོབ་ཐང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གུས་བརྩི་དགོས་རྒྱུ་ཧ་ཅང་གི་གལ་གནད་ཡིན་པ་མ་ཟད་སྤྱི་ཚོགས་ལྷིང་འཇགས་ཀྱི་གཞི་རྩའང་ཡིན། བཙན་བྱོལ་བོད་མི་རྣམས་ཀྱིས་དྲན་གསོ་བྱ་དགོས་པ་ཞིག་ལ་གཞན་ཡུལ་དུ་སྐྱབས་བཅོལ་བའི་གནས་བབ་འོག་ནས་རང་དབང་དང་འདྲ་མཉམ་གྱི་གོ་སྐབས་ཐོབ་པ་དེ་དག་གཅེས་འཛིན་ཐོག་དེང་གི་མང་གཙོའི་ཁྱད་ཆོས་དང་བོད་མིའི་རིག་གཞུང་གི་བཟང་སྤྱོད་སྔར་ལྷག་ལྡན་པའི་བོད་མིའི་མང་གཙོ་ཞིག་ཡོང་ཐབས་བྱ་དགོས་པ་གལ་ཆེ་ཆགས་ཡོད།
བོད་ནང་ལ་ཆ་མཚོན་ན། བོད་མི་རྣམས་ལ་མང་གཙོའི་རང་དབང་ལྟ་ཞོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་ཁྱབ་བསྒྲགས་བྱས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚུན་ཆད་ཀྱང་མེད་པར། རྒྱ་ནག་དམར་པོའི་གཞུང་གིས་འདས་ལོ་བཅུ་ཕྲག་མང་པོའི་རིང་ལ་མཁྲེགས་འཛིན་གྱི་སྲིད་བྱུས་འདྲ་མིན་འོག་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཐོག་དཀའ་ངལ་རབ་དང་རིམ་པ་བཟོས་པས་མ་ཚད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། ཡུལ་གོམས་གཤིས་ལུགས། ཁོར་ཡུག་སོགས་བོད་ཀྱི་ཁྱད་ཆོས་རྣམས་རྨེག་མེད་རྩ་གཏོར་གཏོང་ཕྱིར། བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་གང་བྱུང་འཛིན་བཟུང་བཙན་འཁྲིད་དང་། བཙོན་འཇུག་བཀག་ཉར། གཅར་རྡུང་སོགས་ད་དུང་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་རིགས་སུ་བཙན་སྒྱུར་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་ཐོངས་མཆན་ལ་དམ་དྲག་གནང་རྒྱུ་ཡིན་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་བསྒྲགས་གཏམ་ཞིག་སྤེལ་བར་དགའ་བསུ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་རྒྱལ་ཁབ་དང་མི་རིགས། ཆོས་ལུགས། རིག་གཞུང་དང་བཅས་པར་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་དང་། བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བའི་ཡ་ང་བའི་ཛ་དྲག་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད།
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་གནས་སྟངས་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་ལྕམ་མཱེ་རཱི་ལའུ་ལཱོར་ (Mary Lawlor) ལགས་དང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་སྐོར་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ཀེ་ལེ་མེན་ནེ་ཡ་ལེ་ཚོ་སི་ཝོ་ལུ་ (Cle’ment Nyaletsossi Voule) ལགས། ཉེན་ཁ་མེད་ཅིང་འཕྲོད་བསྟེན་ལྡན་པའི་ཁོར་ཡུག་ལོངས་སུ་སྤྱོད་རྒྱུའི་རང་དབང་སྐོར་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་ཌེ་ཝིཌ་བྷོ་ཡིཌ་ (David Boyd) ལགས་བཅས་གསུམ་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དགུ་འཛིན་བཟུང་གིས་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་དྲི་རྩད་དང་། རྒྱ་གཞུང་གིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྩིས་ཡོད་ན་ཁོང་རྣམས་འཕྲལ་དུ་བཙོན་གྲོལ་གཏོང་དགོས་པའི་རེ་སྐུལ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས། བོད་ནང་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ལས་འགུལ་སྤེལ་རྒྱུར་རང་དབང་དང་ཐོབ་ཐང་སྤྲོད་དགོས་པའི་རྒྱལ་ཚོགས་དང་སྲིད་གཞུང་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལྟ་སྤྱི་འཐུས་སྐབས་བཅུ་བདུན་པའི་ལས་ཡུན་ལོ་གཉིས་འཁོར་ལ་ཉེ་བའི་དུས་ཡུན་རིང་། ཐོག་མར་སྤྱི་འཐུས་རྣམས་ནས་ས་བགོས་ལྟར་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་འཚམས་གཟིགས་དང་། ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་པར་དུས་མཚུངས་ས་གནས་ཁག་ཏུ་༸གོང་ས་མཆོག་གི་མཛད་འཕྲིན་དང་། ཆབ་སྲིད་ཀྱི་ལས་དོན། མི་མང་གི་བདེ་སྡུག་གཟིགས་ཞིབ་བྱ་རྒྱུ་བཅས་བརྒྱུད་བོད་མི་མང་ཚོགས་དང་འཛིན་སྐྱོང་གཉིས་ཀྱི་དབར་ཟམ་པ་ལྟ་བུའི་ཕྱག་ལས་གནང་དང་གནང་མུས་ཐོག་མང་ཚོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་སེལ་ཐུབ་པ་བྱུང་ཡོད།
བོད་ཀྱི་རྩ་དོན་དང་འབྲེལ་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་དོན་ཞུ་སྐུལ་ལས་འགུལ་དང་། རྒྱ་གར་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་། རྒྱལ་ཁབ་སོ་སོའི་གཞུང་འཛིན་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཚོགས་མི་བཅས་མཇལ་འཕྲད་དང་ཞུ་སྐུལ་ལས་འགུལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བསྡུ་བསྐོང་སོགས་ཀྱི་ལས་དོན་མང་དག་ཅིག་ཐོག་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་བཅས་སྤེལ་དང་སྤེལ་མུས་ཡིན། སྤྱི་འཐུས་རྣམ་པའི་ཕྱག་ལས་གནང་ཕྱོགས་སྔར་ལྷག་ཚགས་ཚུད་ཡོང་ཕྱིར་ཟབ་སྦྱོང་དང་འཐབ་བྱུས་ཚོགས་འདུ་རིམ་པ་མང་པོ་ཚོགས་ཐུབ་པ་བྱུང་ཡོད། བོད་མི་གནས་ཡུལ་གཞིས་སྒར་ཁག་ཏུ་ས་གནས་འཐུས་ཚོགས་རྣམས་ཀྱང་མང་གཙོའི་སྒྲོམ་གཞིའི་ནང་སྒྲིག་འཛུགས་གལ་འགངས་ཆེ་གྲས་ཡིན་པར་སོང་། དེ་དག་ཚགས་ཚུད་ཡར་རྒྱས་གཏོང་ཕྱིར་སྤྱི་ལྷན་ནས་ས་གནས་ཁག་སོ་སོར་ས་འཐུས་རྣམ་པར་དུས་ནས་དུས་སུ་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཕུལ་དང་འབུལ་མུས་ཡིན། རྒྱ་གར་གྱི་མངའ་སྡེ་ཁག་ནང་མཐོ་སློབ་གཙོ་བཟུང་གཞོན་སྐྱེས་རྣམས་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་འདི་ལོར་གསར་གཏོད་ཀྱིས་སྤྱི་འཐུས་རྣམས་ནས་སོ་སོའི་ས་བགོས་བཞིན་ལས་དོན་ཞུས་དང་ཞུ་མུས་ཡིན། མདོར་ན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་མང་ཚོགས་ཀྱི་བདེ་སྡུག་དཀའ་སེལ་བཅས་ཀྱི་ཐོག་ལ་ཕྱག་ལས་གང་ཐུབ་ཞུས་དང་ཞུ་མུས་ཡིན་པའི་ལས་དོན་སྙན་གསན་ཞུ་འདོད་བྱུང་།
བཙན་བྱོལ་དུ་ལག་བསྟར་བྱེད་བཞིན་པའི་བོད་མིའི་མང་གཙོ་དེ་ཉིད་༸གོང་ས་མཆོག་གིས་རིང་ནས་ཐུགས་ལ་བརྣགས་པའི་དྲང་བདེན་དང་། བཟང་སྤྱོད་གཞི་རྩར་འཛིན་པའི་མང་གཙོའི་རིན་ཐང་ཆ་འཇོག་བྱ་འོས་ཀྱི་ལམ་ལུགས་ཤིག་གཞི་ཚུགས་ཡོད་པའི་ཐོག་རང་རེས་ནུས་པ་གང་ཡོད་སྤུངས་ཏེ་མང་གཙོའི་ལམ་ལུགས་ཐོག་ཉམས་མྱོང་རིམ་གསོག་གིས་གོམ་པ་མདུན་སྤོས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོ་འགོ་ནས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་པས་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་པ་ལྟར། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡང་ཁྲིམས་སྒྲིག་གི་ཆ་ནས་གྲོས་ཚོགས་ཚུགས་མ་ཐུབ་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད། ད་ཆ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པར་སྣོལ་འཇོག་གནང་བའི་གྲོས་ཆོད་ཨང་ ༢༠༢༣།༡༧།༥།༥ དགོངས་དོན་སྤྱི་འཐུས་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་བསྐོ་གཞག་ཟིན་ཞིང་། གྲོས་ཆོད་གཞིར་བཟུང་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས་འཆར་ལོའི་ཕྱི་ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་པ་ལྟར་ལས་དོན་ཞུ་མུས་ཡིན་པས་བརྒྱུད་རིམ་འདིའི་ཐོག་ནས་ཁྲིམས་སྒྲིག་དགོངས་དོན་ལས་དོན་ཞུ་ཕྱོགས་ཁ་གསལ་ཡོང་རྒྱུར་རེ་བ་འཆང་བཞིན་ཡོད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་དང་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་རྒྱ་གར་དང་། ཨ་རི། ཡུ་རོབ་གཙོས་འཛམ་གླིང་ཡུལ་གྲུ་གང་སའི་གཞུང་དང་། གྲོས་ཚོགས། ཚོགས་སྡེ་དང་མི་སྒེར་མང་དག་ཅིག་བྱུང་ཡོད་པ་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་དང་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། མང་གཙོའི་ལམ་བཟང་འཕེལ་རྒྱས་ཀྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ ལ།།