༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་ཨེ་སི་ཊོ་ནེ་ཡ་ (Estonia) རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཟླ་འདིའི་ཚེས་ ༦ དང་ ༧ ཉིན་གཉིས་རིང་ཨེ་སི་ཊོ་ནི་ཡའི་རྒྱལ་ས་ཊ་ལིན་ (Tallin) དུ་ཚོགས་པའི་གོ་ལ་ཧྲིལ་པོའི་གུ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་ (Open Government Partnership Global Summit 2023) ཞེས་པའི་ཐོག་མཉམ་ཞུགས་གནང་ཡོད།དེ་ཡང་ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ (NDI) རྡ་སའི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་རི་ཤཱེ་ཌ་ཏཱ་ (Rishi Datta) ལགས་དང་། ལས་འཆར་འགན་འཛིན་དཔལ་ལྡན་ཕུན་ཚོགས་ལགས་བཅས་ནས་ཨེ་སི་ཊོ་ནེ་ཡའི་སྙན་གྲགས་ཆེ་བའི་འཛིན་སྐྱོང་བརྡ་འཕྲིན་ཤེས་ཡོན་བསྟི་གནས་ (e-Governance Academy) ཞེས་པའི་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཨར་ཝོ་ཨོ་ཊི་ (Arvo Ott, PhD) ལགས་དང་། རྨང་གཞིའི་འཛུགས་སྐྲུན་སྡེ་ཚན་གྱི་ལས་བྱེད་སྐུ་ཞབས་ཧེ་ཀོ་ ཝེན་སཱ་ལུ་ (Heiko Vainsalu) ལགས། དེ་བཞིན་འབྲེལ་ལམ་སློབ་སྟོན་སྡེ་ཚན་གྱི་ལྕམ་སྐུ་ཊི་ནཱ་ ཝི་ཌེར་ཧྥེལ་ཌི་ (Tiina Viiderfeld) ལགས་བཅས་དང་མཇལ་འཕྲད་གནང་ཞིང་།སྐབས་དེར་ཁོང་རྣམས་ནས་འཛིན་སྐྱོང་བརྡ་འཕྲིན་ཅན་དང་དྲྭ་རྒྱའི་ཉེན་སྲུང་། ཡིག་ཚགས་དོ་དམ། འཕྲུལ་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་དཀའ་རྙོག་སེལ་ཐབས་སོགས་ངོ་སྤྲོད་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བརྡ་འཕྲིན་ཅན་དུ་སྒྱུར་བཞིན་ཡོད་པ་དང་། དེ་སྔོན་ཨེ་སི་ཊོ་ནི་ཡའི་འཛིན་སྐྱོང་བརྡ་འཕྲིན་ཤེས་ཡོན་ཚན་པ་དང་། བོད་མིའི་སྒྲིག་འཛུགས་དབར་ལས་དོན་ཁག་ཅིག་མཉམ་ལས་མཐུན་འགྱུར་བྱུང་བར་ཐུགས་རྗེ་ཆེ་བཅས་ཞུས་གནང་ཡོད་འདུགཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྣམ་པས་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་། དེ་གའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་ཀུ་ ཀ་ལེ་ རཱཌ་ (Juku-Kalle Raid) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་བོད་དོན་ཡིག་ཆ་ཁག དེ་བཞིན་༧གོང་ས་མཆོག་གི་ཕྱག་དེབ་དང་། དབྱིན་ཡིག་ཐོག་བསྒྱུར་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་དཔེ་དེབ་བཅས་ཕུལ་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཁོང་གིས་བོད་དོན་ཐོག་མུ་མཐུད་ཕྱག་ལས་གང་ཐུབ་གནང་འཆར་ཡོད་སྐོར་གསུངས་གནང་འདུགམཇུག་ཏུ་བོད་མི་མང་སྤྱི་འཐུས་རྣམ་པ་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་ཁང་དང་། ཁོང་གི་ཆབ་སྲིད་ཚོགས་པའི་ལས་ཁུངས་བཅས་སུ་གཟིགས་སྐོར་སྣེ་ཁྲིད་གནང་རྗེས། ཡུ་རོབ་ཨེ་སི་ཊོ་ནི་ཡའི་རྒྱལ་ཁབ་ནང་གི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱིར་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།