༄༅། །རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་ཡོད་པའི་དགོན་པ་དང་གྲྭ་ཚང་སོགས་གནས་ས་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་ཆོག་མཆན་ཞུ་དགོས་པའི་ཡིག་ཆ་ཨང་ ༡༩ ཟེར་བར་ལག་བསྟར་བྱེད་རྒྱུ་གསལ་བསྒྲགས་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་འཚབ་དང་འབྲེལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཆོས་དད་རང་དབང་ལ་དམ་བསྒྲགས་ཆེ་ཆེར་གཏོང་བའི་རྒྱ་ནག་གི་སྲིད་བྱུས་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡ ནས་ལག་བསྟར་བྱེད་རྒྱུ་ཡོངས་ཁྱབ་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་བཙན་དབང་གི་སྲིད་བྱུས་དེ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ཁྲིམས་མཐུན་མིན་པའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། ཡིག་ཆ་ཨང་ ༡༩ ཟེར་བ་དེ་བརྒྱུད་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། ཆབ་སྲིད་ཀྱི་རང་དབང་ལ་སྔར་ལྷག་དམ་བསྒྲགས་བྱེད་རྒྱུའི་སྲིད་བྱུས་ངན་པ་ཞིག་ཡིན་སྐོར་འཁོད་ཡོད། ལྷག་པར་བོད་ནང་གི་ཛ་དྲག་ཅན་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གི་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་བྱེད་པ་དེ་ཁྲིམས་མེད་ལུགས་མེད་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་འགལ་གྱི་ཡོད་པས་དེ་ལྟར་གླེང་སློང་ཡོང་བའི་རེ་སྐུལ་ཞུས་འདུག །