༄༅། །ཨོསྟྲེ་ལི་ཡཱའི་ནེའུ་སོ་ཐི་ཝལ་ (NSW) མངའ་སྡེ་ཤེས་རིག་ལྷན་ཁང་ནས་ཁྱབ་ཁོངས་མི་རིགས་སྣ་མང་གི་སྐད་ཡིག་སློབ་གྲྭ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་ལོ་ལྟར་བློན་ཆེན་གྱི་བྱ་དགའ་གནང་སྲོལ་ཡོད་པ་ལྟར། འདི་ལོ་༢༠༢༣ ལོའི་གནས་མཁར་གསར་ (New Castle) གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་ཁོངས་ནས་སློབ་མ་བསྟན་འཛིན་ཡེ་ཤེས་དང་ཆོལ་གསུམ་རྣམ་རྒྱལ་གཉིས་ལ་བློན་ཆེན་གྱི་བྱ་དགའ་ཐོབ་ཡོད། དེ་ཡང་འདི་ཟླའི་ཚེས་ ༤ ཉིན་ས་གནས་གྲོང་སྡེའི་མི་རིགས་སྣ་མང་གི་སྐད་ཡིག་ལས་ཁུངས་ནས་བློན་ཆེན་གྱི་བྱ་དགའི་མཛད་སྒོ་སི་ཌི་ནེ་གཙུག་ལག་མཐོ་སློབ་ཆེན་མོའི་ནང་ཚོགས་ཏེ་སྐབས་དེར་གནས་མཁར་གསར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་སློབ་མ་རྣམས་དམིགས་བསལ་མགྲོན་འབོད་ཀྱིས་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་གནང་བ་བྱུང་ཡོད།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་ཤེས་རིག་བློན་ཆེན་གཞོན་པ་ (Prue Car) མཆོག་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་གནང་བ་དང། སྐབས་དེར་སློབ་མ་རྩེ་ཕུད་རྣམས་ལ་བློན་ཆེན་གྱི་བྱ་དགའ་གནང་ཡོད།
གནས་མཁར་གསར་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་འདི་ཨོ་གླིང་གནས་མཁར་གསར་ཁུལ་གྱི་བོད་པའི་ཕྲུག་གུ་རྣམས་ལ་བོད་ཀྱི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་བོད་སྐད་སློབ་ཁྲིད་གནང་ཆེད་ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་བྱས་པ་ཞིག་ཆགས་ཡིན། སློབ་གྲྭ་འདི་ནང་ད་ལྟའི་ཆར་དགེ་ལས་གྲངས་ ༧ དང་སློབ་མ་གྲངས་ ༢༩ ཡོད། །