༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པ་དང་བོད་ཀྱི་འགྲེམས་སྟོན་ཁང་ཟུང་སྦྲེལ་གྱིས་རྒྱ་གར་བྱང་ཤར་ཁུལ་དུ་སྤེལ་བའི་བོད་དོན་གོ་རྟོགས་གཏམ་བཤད་དང་འགྲེམས་སྟོན་ལས་རིམ་དེ་བཞིན་ཟླ་བ་ ༠༩ ཚེས་ ༢༢ ཉིན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པ་དང་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ནས་ཀལ་ཀཏྟཱ་དང་། སི་ལཱི་གུ་རི། རྡོར་གླིང་། སྒང་ཏོག་ཁུལ་དུ་བོད་དོན་གོ་རྟོགས་གཏམ་བཤད་དང་། འཕགས་བོད་འབྲེལ་ལམ་སྐོར་གྱི་དཔར་རིས་འགྲེམས་སྟོན་གནང་ཡོད། སྐབས་དེར་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་། བློ་བཟང་སྐྱིད་འཛོམས་ལགས་ནས་ཀལ་ཀཏྟཱ་ལེགས་སྦྱར་མཐོ་སློབ་ (Sanskrit College and University) དང་། རའི་གན་ཇ་མཐོ་སློབ།(Raiganj University) རྡོར་གླིང་སེནྚ་ཇོ་སབ་མཐོ་སློབ། (St. Joseph’s College North Point) འབྲས་ལྗོངས་གཙུག་ལག་སློབ་གཉེར་ཁང་ (Sikkim University) དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྡེ་བླ་རུང་སྒར་དང་། ཡ་ཆེན་སྒར་སོགས་ཐེ་བའི་ཆོས་ཀྱི་བསྟི་གནས་ཁག་གཏོར་བཅོམ་གྱིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་གསལ་བཤད་གནང་ཡོད། དེ་དང་ཕྱོགས་མཚུངས་འབྲེལ་ལས་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དབུ་མའི་ལམ་དང་། བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་གལ་གནད། བོད་དང་རྒྱ་གར་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ། བོད་དེ་ཁོར་ཡུག་དང་ས་ཁམས་ཆབ་སྲིད་ཐོག་ཨེ་ཤི་ཡ་དང་འཛམ་གླིང་ལ་གལ་གནད་ཆེ་ཚུལ་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། རྒྱ་གར་གྱི་སློབ་གཉེར་བ་རྣམས་ནས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བོད་དོན་ལ་རྒྱབ་སྐྱོར་དང་གོ་རྟོགས་སྤེལ་གནང་ཡོང་བའི་རེ་སྐུལ་ཞུས་ཡོད།
མཐོ་སློབ་དེ་དག་ཏུ་བོད་དོན་གོ་རྟོགས་གཏམ་བཤད་དང་ལྷན་ཅིག་ཏུ་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་མཁྱེན་བརྩེ་ལགས་དང་བསྟན་འཛིན་སྒྲོལ་མ་ལགས་གཉིས་ནས་བོད་དང་རྒྱ་གར་བར་གྱི་འབྲེལ་ལམ་སྐོར་དཔར་རིས་འགྲེམས་སྟོན་གནང་ཐོག་རྒྱ་གར་མང་ཚོགས་ལ་འཕགས་བོད་འབྲེལ་ལམ་སྐོར་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དོན་གོ་རྟོགས་གཏམ་བཤད་དང་འགྲེམས་སྟོན་ལས་རིམ་ཟླ་བ་ ༠༩ ཚེས་ ༢༢ ཉིན་ལེགས་པར་མཇུག་སྒྲིལ་ཡོད་ཅིང་། བདུན་ཕྲག་གཉིས་རིང་གི་བོད་དོན་གོ་རྟོགས་ལས་རིམ་བརྒྱུད་རྒྱ་གར་གྱི་མཐོ་སློབ་ཁག་གི་གཞོན་སྐྱེས་མང་དག་ཅིག་ལ་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་འཕགས་བོད་ཀྱི་འབྲེལ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཐུབ་པ་བྱུང་བ་མ་ཟད། མཐོ་སློབ་ཁག་གི་སློབ་གཉེར་བ་རྣམས་ནས་ཀྱང་དོ་དབྱིངས་ཆེན་པོས་བགྲོ་གླེང་ལས་རིམ་ལ་མཉམ་ཞུགས་དང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་འདུན་པ་ཤུགས་ཆེ་བསྟན་ཡོད་པ་བཅས།།