༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ལྡེ་ར་ལྡུན་ཁུལ་དུ་གོ་སྒྲིག་ཞུས་པའི་དབུ་མའི་ལམ་གོ་རྟོགས་ལས་གཞི་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༨ ནས་ཟླ་བ་ ༠༩ ཚེས་ ༠༡ བར་མ་སུ་རི་བོད་ཁྱིམ་དང་། སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་དབུ་མའི་ལམ་གྱི་ངོ་བོ་དང་། འཕེལ་རིམ་སྐོར་གོ་རྟོགས་ཟབ་སྦྱོང་གནང་ཡོད་པ་དང་། ཟླ་བ་ ༠༩ ཚེས་ ༠༣ ནས་ ༠༩ བར་བདུན་ཕྲུག་གཅིག་རིང་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་སློབ་གྲྭ་དང་། གཞིས་ཆགས། ཚོགས་སྡེ་ཁག་ཏུ་དབུ་མའི་ལམ་གོ་རྟོགས་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ནས་དབུ་མའི་ལམ་གྱི་ངོ་བོ་དང་། འཕེལ་རིམ། དམིགས་ཡུལ། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་སོགས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། གཞན་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་འགྱུར་བ། བོད་རྒྱའི་དཀའ་རྙོག རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་སྐོར། དེ་བཞིན་བོད་མི་རྣམས་ནས་ཆབ་སྲིད་ལ་དོ་སྣང་གནང་སྟེ་བོད་ཀྱི་འཐབ་རྩོད་ལ་འགན་ཁུར་ཐུབ་པ་གནང་དགོས་པའི་ལམ་སྟོན་གནང་རྗེས་ཚོགས་བཅར་བ་ཁག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།