༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པ་དང་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ནས་ཀལ་ཀཏྟཱ་དང་། སི་ལཱི་གུ་རི། རྡོར་གླིང་། སྒང་ཏོག་ཁུལ་དུ་བོད་དོན་གོ་རྟོགས་གཏམ་བཤད་དང་། འཕགས་བོད་འབྲེལ་ལམ་སྐོར་གྱི་དཔར་རིས་འགྲེམས་སྟོན་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༥ ཉིན་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་། བློ་བཟང་སྐྱིད་འཛོམས་ལགས་ནས་ཀལ་ཀཏྟཱ་ལེགས་སྦྱར་མཐོ་སློབ་ཏུ་དགེ་ལས་བཞི་བཅུ་ལྷག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། འཛམ་བུ་གླིང་སྤྱི་དང་ཡང་སྒོས་རྒྱ་གར་ལ་བོད་ཀྱི་གལ་གནད་ཇི་ཡོད་སྐོར་གསུང་བཤད་གནང་ཡོད། སྐབས་དེར་བཞུགས་མོལ་བགྲོ་གླེང་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་འབྲེལ་མཐུད་པ་ཟུར་པ་རུ་བི་མུ་ཁརྗཱི་ (Ruby Mukherjee) ལགས་དང་། ལེགས་སྦྱར་མཐོ་སློབ་ཀྱི་ཉེ་བའི་སློབ་དཔོན་ཆེན་མོ་མཻ་ས་མཱི་སེན་བྷཊྚཱ་ཅཱརྱ་ (Dr. Mausumi Sen Bhattacharya) ལགས། ཕྱི་དྲིལ་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་བློ་བཟང་སྐྱིད་འཛོམས་ལགས་ནས་གསུང་བཤད་གནང་ཞིང་། རུ་བི་མུ་ཁརྗཱི་གས་ལགས་ནས་རྒྱ་གར་དང་བོད་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་བཟང་པོ་ཡོད་པ་དང་། བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱ་གར་གྱི་འགན་འཁྲི་ཡིན་སྐོར་གསུངས་རྗེས་བསྟན་འཛིན་ཀུན་མཁྱེན་ལགས་ནས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གིས་བོད་ས་བཙན་བཟུང་བྱ་ཚུལ་དང་། བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་དང་། རྒྱལ་ཞེན་སློབ་གསོ་ཟེར་བ་སོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཚུལ་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད།
དེ་རྗེས་ཕྱི་དྲིལ་ལས་ཁུངས་ཀྱི་ཉམས་ཞིབ་དང་འབྲེལ་མཐུད་ལས་བྱེད་བློ་བཟང་སྐྱིད་འཛོམས་ལགས་ནས་བོད་དེ་རྒྱ་གར་གྱི་བདེ་འཇགས་ལ་གལ་གནད་ཆེན་པོ་ཆགས་ཚུལ་ངོ་སྤྲོད་དང་སྦྲགས། རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ཤིང་། གལ་ཏེ་ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཁ་གཏད་མ་འཇལ་ན་མ་འོངས་པར་བོད་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་དཀའ་ངལ་ཆེན་པོ་འཕྲད་ངེས་པའི་ཉེན་བརྡ་བཏང་ཡོད།
བོད་དོན་ཚོགས་འདུ་དང་ལྷན་དུ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱ་གར་དང་བོད་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་གསལ་སྟོན་བྱེད་པའི་དཔར་རིས་འགྲེམས་སྟོན་གནང་བ་མ་ཟད། དོན་གཉེར་ཅན་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།