༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༨ ནས་ ༡༠ བར་ཕ་རན་སིའི་རྒྱལ་ས་པེ་རི་སིར་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༢ འཚོགས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༠༨ ཉིན་གྱི་དབུ་འབྱེད་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཛད་སྒོའི་ས་ཚིགས་སུ་གདན་འདྲེན་ཞུས་ཐོག་པེ་རི་སི་གྲོང་ཁྱེར་ལྷན་ཚོགས་ཀྱི་ཚོགས་མི་ཇི་ནི་ཝི་བི་ (Geneviève Garrigos) ལགས་དང་། ཕ་རན་སིའི་ནང་པའི་མཐུན་ཚོགས་ཀྱི་ཟུང་སྦྲེལ་ཚོགས་གཙོ་བླ་མ་འཕྲིན་ལས་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་མཆོད་དབྱངས་གསང་གསོལ་དང་བཅས་མཛད་སྒོ་དབུ་འབྱེད་གནང་ཡོད།སྐབས་དེར་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་ཚོགས་བཅར་བ་ཚོས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མི་རྣམས་ནས་ཕ་རན་སིའི་དཔལ་འབྱོར་ཡོང་ཁུངས་ལ་ཞབས་འདེགས་ཞུ་ཚུལ་དང་། ས་གནས་མི་མང་ལྷན་དུ་ཞི་བདེ་མཉམ་གནས་ཀྱི་འཚོ་བ་སྐྱེལ་བཞིན་པར་བསྔགས་བརྗོད་གནང་རྗེས་ལྕམ་སྐུ་་ཇི་ནི་ཝི་བི་ལགས་ནས་ཁོང་རང་བོད་དང་ཧི་མ་ལ་ཡཱའི་དུས་སྟོན་ལ་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞིང་། པེ་རི་སི་གྲོང་ཁྱེར་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། གཞན་ཡང་བླ་མ་འཕྲིན་ལས་ལགས་དང་། མཁན་ཟུར་རིན་པོ་ཆེ། གནས་བརྟན་ཐིག་ནུ་ཧན་ཧོང་ (Thich Nhuan Huong) ལགས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད། བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དུས་སྟོན་ཐོག་བོད་དང་། ནང་ཆོས། བོད་ཀྱི་རྩོམ་རིག ཀླད་པའི་ཚན་རིག སྒོམ་ཉམས་ལེན་སྐོར་བགྲོ་གླེང་དང་། དེ་བཞིན་སྙན་ངག་གྱེར་འདོན། དཔེ་དེབ་ངོ་སྤྲོད། ཡིག་གཟུགས། གཞས་སྣ་འཁྲབ་སྟོན་སོགས་གོ་སྒྲིག་ཞུས་ཡོད་པ་ལྟར། རྒྱ་ནག་གི་ཐབས་བྱུས་འོག་གི་བོད་ཅེས་པའི་བགྲོ་གླེང་ལས་རིམ་ཐོག་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཐའེ་ཝན་གྱི་གཞུང་ཚབ་ཕ་རན་ཀོ་སི་ཝུ་ (François Wu) ལགས། གསར་འགོད་པ་པི་རི་ཨན་ཊོ་ནི་ (Pierre Antoine Donnet) ལགས། རྒྱ་ནག་ཐོག་མཁས་པ་ཨ་ལིན་ཝང་ (Alain Wang) ལགས་མཉམ་ཞུགས་ཀྱིས་བགྲོ་གླེང་ཞིབ་ལྷུག་གནང་།
དུས་སྟོན་སྐབས་ཚོགས་སྒེར་ཁག་ནས་བོད་དང་འབྲེལ་བའི་ཅ་དངོས་དང་བོད་ཟས་ཚོང་འགྲེམས། གློག་བརྙན་གཟིགས་འབུལ། འགྲེམས་སྟོན། མཎྜལ་བཞེངས་སྐྲུན་གནང་ཡོད་པ་མ་ཟད། ཕ་རན་སི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།