༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༣༡ ཉིན་ནང་སྲིད་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ས་ཆའི་གནས་སྟངས་རྟོགས་ཞིབ་སླད་ཆེད་ཕེབས་གནང་ཡོད།
སྐབས་དེར་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ནས་ས་གནས་ས་ཁང་ཚོགས་ཆུང་དང་ཐུག་འཕྲད་ཀྱིས་ས་གནས་སུ་ཕེབས་དགོས་དོན་ངོ་སྤྲོད་དང་འབྲེལ་གནད་དོན་ཁག་ཅིག་ཐད་གྲོས་མོལ་གནང་རྗེས་གཞིས་མི་ཁག་ཅིག་ནས་ནང་སྲིད་ལས་ཁུངས་སུ་རྩིས་འབུལ་ཞུས་པའི་ས་ཆ་ཁག་བཞིར་རྟོགས་ཞིབ་གནང་བར་ཕེབས་ཡོད། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༢ ཉིན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོར་ཆེད་བཅར་ཞུས་ཐོག་བརྒྱ་དཔོན་རྣམས་ལ་ནང་སྲིད་ལས་ཁུངས་ནས་གཟེངས་བསྟོད་ཕྱག་འཁྱེར་གནང་། དེ་དང་ཕྱོགས་མཚུངས་ཁོང་དོན་ལྡན་གླིང་སམ་བྷོ་ཊ་སློབ་གྲྭའི་དབྱར་ཁའི་དུས་སྟོན་ལ་མཉམ་ཞུགས་གནང་ཡོད་པ་རེད།
ཕྱི་ཚེས་ ༠༣ ཉིན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ས་གནས་སུ་ལག་བསྟར་ཞུ་བཞིན་པའི་ལས་འཆར་ས་ཚིགས་སུ་གཟིགས་སྐོར་གནང་བར་ཕེབས་ཤིང་། ཉིན་རྒྱབ་ས་གནས་འགོ་འཛིན་ལྷན་དུ་གཞིས་ཆགས་རྒྱུན་གནས་དང་རང་ཁ་རང་གསོ་ཡོང་ཐབས་སྐོར་གྲོས་མོལ་གནང་ཡོད་པ་བཅས།།