༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༠ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ནས་ཊལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་རྟོག་ཞིབ་གཟིགས་སྐོར་གནང་ཡོད་པ་རེད།
དེ་ཡང་གཟིགས་སྐོར་སྐབས་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ནས་ས་གནས་སུ་འགྲོ་བཞིན་པའི་ལས་འཆར་ཁག་གི་དངུལ་གྲོན་ཚུལ་བཞིན་བེད་སྤྱོད་གཏོང་གི་ཡོད་མིན་དང་། གཞིས་ཆགས་ཀྱི་ས་ཆར་ཧམ་འཛུལ་བྱུང་བཞིན་པའི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་ལེགས་གྲུབ་ཟིན་པའི་ལས་འཆར་ཁག་བཅས་ལ་རྟོགས་ཞིབ་གནང་ཡོད།
གཞན་ཡང་ཁོང་གིས་ཊལ་ཧོར་བོད་མིའི་བཟོ་གྲྭའི་ཚོགས་མི་གསར་རྙིང་དང་ཐུག་འཕྲད་གནང་སྟེ་ས་གནས་མི་མང་གིས་གཞིས་སར་ཧམ་འཛུལ་བྱེད་བཞིན་པའི་གནས་སྟངས་སྐོར་གྲོས་བསྡུར་གནང་བ་མ་ཟད། ཧམ་འཛུལ་བྱེད་སར་དངོས་སུ་ཆེད་ཕེབས་ཀྱིས་རྟོག་ཞིབ་དང་། ས་ཆའི་ཡིག་ཆ་ཁག་ལ་ཞིབ་གཟིགས་ཀྱིས་ས་ཆ་ཧམ་འཛུལ་གྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་བྱུས་སྐོར་གྲོས་མོལ་གནང་བའི་ཐོག སླད་མར་དགོས་གལ་བྱུང་ཚེ་ཁྲིམས་ཐོག་ནས་སློབ་སྟོན་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས།།