༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྷ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ་གྲྭ། ཤེས་རབ་དགའ་ཚལ་གླིང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྒྲོན་མ་གླིང་། འཚི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྙིང་སྟོབས་གླིང་བཅས་སུ་འཚམས་གཟིགས་དང་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་རྡ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ་གྲྭར་འཚམས་གཟིགས་གནང་རྗེས་ཤེས་རབ་དགའ་ཚལ་གླིང་དང་དཔེ་སྟོན་སློབ་གྲྭར་ཕེབས་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་དང་། དྲི་བ་རྣམས་ལ་ལན་འདེབས་གནང་རྗེས་ཉེ་འགྲམ་དུ་ཆགས་པའི་སྣེ་ལེན་ཁང་དུ་ཕེབས་ཏེ་ཉེ་ལམ་བོད་ནས་གསར་དུ་ཕེབས་མཁན་བོད་མི་ཁག་ཅིག་དང་ཐུག་ནས་གླེང་མོལ་གནང་བ་དང་། དེ་རྗེས་སྲིད་སྐྱོང་མཆོག་ཀུན་ཕན་ནད་གསོ་ཁང་དུ་གཞོན་སྐྱེས་ཁག་ཅིག་དང་ཐུག་འཕྲད་གནང་ཡོད་པ་རེད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྒྲོན་མ་གླིང་དང་། འཚི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྙིང་སྟོབས་གླིང་བཅས་སུ་འཚམས་གཟིགས་དང་གསུང་བཤད་གནང་ཡོད་པ་བཅས།།