༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་ཉེ་ཁུལ་དུ་འཚམས་གཟིགས་གནང་འགོ་བཙུགས་པ་ལྟར། གོང་ཚེས་ཉིན་གྱི་སྔ་དྲོ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་སྐབས་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་འཚམས་གཟིགས་ཀྱི་ཐོག་མར་སློབ་གྲྭའི་འཛིན་ཁང་ཁག་ཏུ་གཟིགས་སྐོར་གནང་གྲུབ་མཚམས་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། གལ་ཆེ་ཤོས་དེ་སྐད་ཆ་བཤད་རྒྱུ་དེ་རེད། ཁྱེད་ཚོའི་རྩ་ནས་ང་ཚོས་སློབ་སྦྱོང་ལེན་དགོས་པ་ཡོད་ལ། དེ་བཞིན་ང་ཚོས་ཕྲན་བུ་ཤེས་པ་དེ་ཁྱེད་ཚོར་སློབ་དགོས་ཀྱི་ཡོད། མ་འོངས་པར་ང་ཚོའི་འཐབ་རྩོད་ཀྱི་འགན་དེ་ཁྱེད་རང་ཚོས་ཁུར་དགོས། སྔོན་མ་ང་ཆུང་ཆུང་ཡིན་དུས་ཁྱེད་ཚོ་ནང་བཞིན་སློབ་མ་བྱས་ཏེ་བསྡད་ཡོད། མ་འོངས་པར་ཁྱེད་ཚོའི་ནང་ནས་སྲིད་སྐྱོང་དང་། ཚོགས་གཙོ་ཚོགས་གཞོན། སྤྱི་འཐུས། བཀའ་བློན་ཐོན་དགོས་པ་ལས་གཞན་ང་ཚོ་བོད་པའི་དོན་ལ་ལས་ཀ་བྱེད་མཁན་རག་གི་མ་རེད། དེས་ན། ད་ལྟ་སློབ་གྲྭར་ཡོད་པའི་སྐབས་ནས་བཟུང་དོ་སྣང་ཕྲན་བུ་བྱས་ནས་བོད་ཀྱི་སྤྱི་ཡོངས་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་ཐུབ་ཚེ། རང་བཞིན་གྱིས་སེམས་ལ་སྤོབས་པ་ཡོང་གི་རེད། མི་ཞིག་གིས་སྐད་ཆ་དྲིས་པ་ཡིནའང་ལན་བརྒྱབ་རྒྱུ་ཡོད། ལན་བརྒྱབ་རྒྱུ་ཡོད་ན་སྤོབས་པ་ཡོང་གི་རེད། ལན་བརྒྱབ་རྒྱུ་མེད་ཚེ་མི་ཞིག་གི་འགྲམ་དུ་ཕྱིན་པ་ཡིནའང་མི་དེས་གང་དྲིས་འོང་སྙམ་ཏེ་ཞུམ་ནས་བསྡད་དགོས་ཐུག་གི་རེད། སྤོབས་པ་དང་ལྡན་པ་དགོས་ན་གནས་ཚུལ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བཀའ་ཤག་སྐབས་བཅུ་དྲུག་པས་འདི་ལོའི་ཕྱི་ཟླ་ ༠༤ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ཞིག་བཏོན་ཡོད། ཡིག་ཆ་དེ་ཀློག་ཐུབ་པ་ཡིན་ན་བཀའ་ཤག་སྐབས་བཅུ་དྲུག་པའི་འགན་ཁུར་མཁན་ཚོས་མ་འོངས་ཆབ་སྲིད་དང་། སྤྱི་ཚོགས་བདེ་དོན། འཛིན་སྐྱོང་གི་འགྲོ་སྟངས་ཐོག་ལས་དོན་བརྩམ་འཆར་གང་ཡོད་པ་རྟོགས་ཐུབ། དེ་བཞིན་མ་འོངས་པར་སྲིད་སྐྱོང་གསར་པ་ཕོ་མོ་སུ་འདྲ་ཞིག་སླེབས་ཀྱང་ཁོང་རྣམ་པ་ཚོའི་སྲིད་བྱུས་དང་ལས་གཞི་ལག་བསྟར་ཐོག་འགྱུར་བ་གང་འགྲོ་གི་ཡོད་པའི་སྐོར་ཡང་བསམ་བློ་གཏང་རྒྱུ་ཡོང་ངེས་རེད་ཅེས་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་ཁམས་ཆབ་སྲིད་ཐོག་བོད་ཀྱི་གལ་གནད་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ལོག་འགྲེལ་ཇི་ཙམ་བྱས་ཀྱང་དོན་དངོས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་འཕེལ་རིམ་ཐོག་ནས་གསལ་པོ་ཡིན་སྐོར་ངོ་སྤྲོད་གནང་། དེ་ལྟར་ཁོང་གིས་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། བོད་དང་རྒྱ་ནག་བར་གྱི་འབྲེལ་བ། བོད་དང་སོག་པོ་བར་གྱི་འབྲེལ་བ། བོད་དང་རྒྱ་གར་བར་གྱི་འབྲེལ་བའི་སྐོར་གསལ་བཤད་གནང་སྟེ་ལོ་རྒྱུས་ཐོག་བོད་རྒྱ་ཐ་དད་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། ཆོས་ཕྱོགས་ཐོག་ནས་ཆ་བཞག་ན། སྔོན་མ་ཡིན་ན་དགོན་པའི་སྟངས་འཛིན་ཚང་མ་ང་ཚོའི་དགེ་འདུན་པ་ཚོས་བྱེད་ཀྱི་ཡོད། དེང་སང་ཚང་མ་འཐབ་ཕྱོགས་གཅིག་གྱུར་དང་། གསང་བའི་ལས་ཁུངས་ཀྱི་སྡེ་ཚན་མང་པོ་ཡོད་པ་དེ་ཚོས་དགོན་པ་སྟངས་འཛིན་བྱེད་ཀྱི་ཡོད། དགོན་པའི་ནང་དུ་ནང་ཆོས་སྦྱང་རྒྱུའི་བསླབ་གཞི་དེ་རྒྱ་ནག་དམར་པོའི་གཞུང་གིས་བཟོ་གི་ཡིན་ཟེར་གྱི་ཡོད། སོ་སོའི་འདོད་པ་ལྟར་སློབ་སྦྱོང་བྱེད་རྒྱུ་མེད། སྤྱི་ཚོགས་ནང་ཕྲན་བུ་དཔེ་ཆ་ཡག་པོ་ཡོད་པའི་ཐོག་མི་མང་ལ་ཆོས་བཤད་བྱས་ཏེ་མཐོང་ཆེན་པོ་ཆགས་ན། ལམ་སང་འཛིན་བཟུང་བྱེད་ཀྱི་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའང་དེ་ལྟར་བྱུང་བ་རེད། བླ་རུང་སྒར་དུའང་མཁན་པོ་གཉིས་ལ་དཀའ་ངལ་ཕྲན་བུ་འཕྲད་ཀྱི་འདུག གང་ལྟར་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་། ཁོར་ཡུག་སྲུང་སྐྱོབ་པ། ནང་ཆོས་ཀྱི་སློབ་དཔོན་སོགས་སྤྱི་ཚོགས་ནང་འབུར་དུ་ཐོན་ན་འཕྲལ་དུ་གནོན་གྱི་ཡོད། ཐ་ན་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྒོའང་རྒྱ་ནག་གིས་ཐེ་བྱུས་བྱེད་ཀྱི་ཡོད་རེད། ཅེས་སོགས་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་མེད་པ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།དེ་མཚུངས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་དམ་བཅས་པ་བཞིན་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་སུ་གཟིགས་སྐོར་ལ་ཕེབས་ཏེ་མི་མང་གི་དཀའ་དང་དང་དགོས་འདུན་གང་ཡིན་རྒྱུས་ལོན་ཞུས་ཐོག་ད་ལྟ་ལས་གཞི་ལག་བསྟར་གནང་འགོ་ཚུགས་ཟིན་སྐོར་དང་། བོད་ཕྲུག་རྣམས་ནས་བོད་ཀྱི་གནས་ཚུལ་ཤེས་པའི་ཐོག་བོད་མིའི་མགྲིན་ཚབ་པ་གནང་དགོས་པའི་སྐོར་ལམ་སྟོན་གནང་རྗེས་དགེ་ལས་སློབ་ཕྲུག་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དང་། བྱམས་པ་གླིང་རྒས་གསོ་ཁང་། བཙུན་དགོན་དགེ་ལྡན་ཆོས་གླིང་བཅས་སུ་འཚམས་གཟིགས་དང་གསུང་བཤད་གནང་ཡོད་པ་བཅས། །