༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་རིགས་སུ་བཙན་སྒྱུར་གཏོང་བྱུས་བྱེད་པར་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་མཐོང་མཆན་ལ་དམ་བསྒྲགས་གནང་རྒྱུའི་བསྒྲགས་གཏམ་ཞིག་སྤེལ་འདུག
དེ་ཡང་བསྒྲགས་གཏམ་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཡོད་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་རིགས་སུ་བཙན་སྒྱུར་གཏོང་བྱུས་བྱེད་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞིས་སྤོ་དང་རྒྱལ་འབངས་ཁྲིམས་ཡིག་གི་སྡེ་ཚན་ ༢༡༢ (a)(3)(C) དགོངས་དོན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་མཐོང་མཆན་ལ་དམ་བསྒྲགས་བྱ་རྒྱུ་ཡིན་ལ། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཙན་དབང་ཅན་གྱི་སྲིད་བྱུས་དེ་དག་གིས་བོད་མི་མི་རབས་གཞོན་པའི་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་རྩོམ་གྱི་ཡོད་ཅེས་འཁོད་འདུག
གཞན་ཡང་བསྒྲགས་གཏམ་ནང་དུ་ཨ་རི་གཞུང་གིས་རྒྱ་ནག་གཞུང་ངོས་ནས་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་བྱེད་མཚམས་འཇོག་རྒྱུ་མ་ཟད། བོད་ཐེ་བའི་རྒྱ་ནག་རྒྱལ་ཡོངས་སུ་བཙན་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག
གནད་དོན་དེ་དང་འབྲེལ་ཏེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཀྲོ་ནི་བྷི་ལིན་ཀན་ (Antony Blinken) མཆོག་དང་། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མི་ལར་ (Matthew Miller) མཆོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་ (Uzra Zeya) མཆོག་ནས་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་གསལ་སྟོན་དྲིལ་བསྒྲགས་གནང་འདུག་པ་བཅས།།