༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་ལ་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་སྒྲིག་འཛུགས་ནས་བཟོས་པའི་ཅནྡྲ་ཡཱན་གསུམ་པ་ཟླ་བའི་སྟེང་ལེགས་པར་བབས་ཐུབ་པར་ལེགས་གསོལ་བསྔགས་བརྗོད་མཛད་འདུག
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཅནྡྲ་ཡཱན་གསུམ་པ་ཟླ་བའི་གྲོང་དུ་ལེགས་པར་བབས་ཐུབ་པ་ནི་གནའ་བོའི་དུས་ནས་ཚན་རིག་ཡར་རྒྱས་ལ་དོ་སྣང་བྱེད་མཁན་རྒྱ་གར་མི་མང་ལ་ལེགས་སྐྱེས་ཤིག་ཡིན། ངོས་ཀྱིས་ལས་དོན་འདི་ཉིད་ལེགས་གྲུབ་ཆེད་སྐུ་ལས་སྐྱོན་མཁན་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ལ་དགའ་བསུའི་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་རྣམ་པས་རྒྱ་གར་གྱི་ཚན་རིག་དང་འཕྲུལ་ལས་ཡར་ཐོན་གྱི་དན་རྟགས་དངོས་སུ་བསྟན་ཡོད།
ངོས་རང་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་མགྲོན་པོ་ཡིན་པའི་ཆ་ཤས་རྒྱལ་ཁ་འདིར་དགའ་བ་སྒོམ་གྱི་ཡོད། སླད་འཆར་ཡང་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་སྒྲིག་འཛུགས་ངོས་ནས་མུ་མཐུད་ཚན་རྩལ་རིག་པའི་གནས་ལ་འགོ་ཁྲིད་ལམ་སྟོན་གནང་བའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་ཡོད་པ་བཅས།།