༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཁུལ་དཔེ་ཐུབ་དགོན་པའི་ཉེ་ཁུལ་ཨ་པི་སི་སྤང་(Abi-Spang) ངམ་རྨོ་རྨོའི་སྤང་ཞེས་པར་ཆིབས་བསྒྱུར་གྱིས་ལ་དྭགས་དགོན་ཚོགས་དང་ནང་ཚོགས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ཕེབས་སྐྱེལ་གསོལ་ཚིགས་སུ་བཀའ་སློབ་དང་། ཉིན་གུང་ལྗགས་སྨིན་གནང་ཡོད་པ་རེད།དེ་ཡང་ཞོགས་པའི་ཆུ་ཚོད་ ༧།༤༥ ཙམ་ལ་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལ་དྭགས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ལས་ཁུངས་ཁག་གི་ལས་བྱེད་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་སྩལ་བ་དང་། ཆུ་ཚོད་ ༡༠།༤༥ ཙལ་ལ་ཞི་བའི་ཚལ་ནས་ཆིབས་འཁོར་བརྒྱུད་དཔེ་ཐུབ་དགོན་པའི་ཉེ་ཁུལ་ཨ་པི་སི་སྤང་ལ་ཆིབས་བསྒྱུར་སྐབས་ས་གནས་ཀྱི་བོད་མི་དང་ལ་དྭགས་མི་མང་གིས་ཕེབས་ལམ་དུ་མཇལ་དར་དང་། བདུག་སྤོས། མེ་ཏོག་སོགས་ཐོགས་ནས་ཕེབས་བསུ་དང་མཇལ་ཁ་ཞུས་ཤིང་། ཨ་པི་སི་སྤང་གི་སྡིངས་ཆའི་ཞབས་སྟེགས་སུ་འཁོད་མཚམས་ནང་པ་ཚོགས་འདུའི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གདན་ཞུ་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་སུ་ཆོས་འབྲེལ་དང་། མི་མང་ལ་མཇལ་ཁ་སྩལ་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་པའི་ཕེབས་བསུའི་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། རྒྱ་གར་གཏིང་ལ་ཆར་ཞོད་ཆེན་པོ་དང་། ལ་དྭགས་ས་ཆ་སྐམ་པོ་རྒྱ་གཏིང་ནང་བཞིན་ཆར་པ་ཤུགས་ཆེན་པོ་མེད་པས་ངོས་རང་ཚ་གཡོལ་ལྟ་བུར་ཡོང་བ་རེད། རྒྱུ་མཚན་གཙོ་བོ་གཅིག་ནི་ལ་དྭགས་མི་མང་ཁྱེད་ཚོ་དངོས་གནས་སངས་རྒྱས་པའི་ཆོས་ལ་དད་པ་གཡོ་བ་མེད་པར་ཡོད་པ་རེད། ངོས་རང་ས་ཁུལ་ཁག་ཏུ་ཕྱིན་པའི་སྐབས་སུ་མི་མང་གི་རྣམ་འགྱུར་སྟོན་སྟངས་ཀྱི་ཐོག་ནས་གསལ་པོ་འདུག དངོས་གནས་དྲང་གནས་ནང་པའི་ཆོས་ལ་དད་མོས་དང་། དགའ་ཞེན་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ཞིག་རེད། དེ་ཙམ་དུ་མ་ཟད་པའི་ས་ཁུལ་འདིར་ཡོད་པའི་ཁ་ཆེའི་གྲོགས་པོ་ཚོ་ཡང་སོ་སོའི་ལྟ་གྲུབ་ཀྱི་ཐོག་ནས་ཆོས་དད་མི་འདྲ་བ་ཡིན་ཀྱང་། སེམས་བཟང་པོ་ཞིག་དང་ངོས་ལ་མཚོན་ན་སྙིང་ཉེ་བའི་གྲོགས་པོའི་འདུ་ཤེས་བྱེད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་མཐོང་ཡོང་གི་འདུག བོད་ལ་དཀའ་ངལ་ཞིག་འཕྲད་དེ་ངོས་རང་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་རེད། འོན་ཀྱང་ས་ཁུལ་འདི་ནས་བཟུང་ཤར་མོན་བར་དུ་མི་མང་ཚོས་ངོས་ལ་སེམས་ཐག་ཉེ་པོ་བྱས་ཏེ་དགའ་པོ་བྱེད་པ་ལ་འགྱུར་བ་ཁྱོན་ནས་མེད་པ་དེ་ལྟར་རེད། ངོས་རང་ལ་དྭགས་སུ་བསྡད་ནས་ཁྱེད་ཚོ་ཐུག་པ་དང་། ཆོས་འབྲེལ་ཉུང་ཙམ་རེའང་བྱས་པ་རེད། གཙོ་ཆེ་ཤོས་ང་ཚོ་ཚང་མ་དགའ་པོ་ཉེ་པོ་ཐུག་པ་ནང་བཞིན་འདི་ལྟར་རུབ་རུབ་བྱ་རྒྱུ་བྱུང་བ་རེད། ངོས་རང་ཧ་ཅང་དགའ་པོ་བྱུང་།
རྡ་རམ་ས་ལར་ཆར་པ་ཧ་ཅང་ཤུགས་ཆེན་པོ་དང་བཞའ་རླན་མང་པོ་རེད། ལ་དྭགས་ས་སྐམ་པོ་དང་། ཉི་མ་ཤུགས་ཆེན་པོ་ཡིན་པས་ངོས་རང་བདུན་ཕྲག་གཅིག་གཉིས་རིང་ལ་དྭགས་སུ་བསྡད་ན་ཧ་ཅང་འཕྲོད་པོ་རེད། དེར་བརྟེན་ངོས་རང་འདིར་ཡོང་བ་ཡིན། རྒྱུ་མཚན་གཙོ་བོ་ནི་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་ཚོས་ངོས་ལ་དགའ་པོ་དང་། དད་པ། སེམས་ཐག་ཉེ་པོའི་རྣམ་འགྱུར་སྟོན་གྱི་ཡོད་པས་ངོས་རང་གིས་ཀྱང་ལ་དྭགས་མི་མང་གིས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་ཚོར་ཚུར་དགའ་མོས་ཆེན་པོ་ཡོད་པ་ལྟར་སེམས་ཐག་ཉེ་པོ་བྱས་ཏེ་དུས་ནས་དུས་སུ་ཡོང་གི་ཡོད། ད་རེས་ལ་དྭགས་ལ་བསྡད་ནས་མི་མང་གིས་སྙིང་ཁོང་རུས་པའི་གཏིང་ནས་ཧ་ཅང་སེམས་ཐག་ཉེ་པོ་བསྟན་པས་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། མ་འོངས་པར་ཡང་རྒྱ་གཏིང་ལ་བཞའ་རླན་དང་ཚ་བ་ཆེན་པོ་ཡོད་པའི་སྐབས་སུ་འཆར་ཅན་ལ་དྭགས་སུ་ཡོང་བའི་སེམས་ཤུགས་སྐྱེས་སོང་། ལ་དྭགས་ས་ཁུལ་གྱི་མགོ་ཁྲིད་ཚོ་དང་། དེ་བཞིན་མི་མང་། ཚོང་རིགས་སོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ལོ་རེ་བཞིན་ངོས་རང་ཡོང་རྒྱུའི་རེ་བ་ཡོད། ཅེས་དང་།
མུ་མཐུད་བརྩེ་བ་དང་ལྡན་པའི་མི་ཚེ་བསྐྱལ་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་ལ། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ངོས་རང་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷ་ལ་བསྟེན་ནས་འཇམ་དབྱངས་ཞི་དྲག་གི་ལྷ་ཡི་རྣལ་འབྱོར་སྒྲུབ་མཁན་ཞིག་རེད། རྗེ་བཙུན་འཇམ་པའི་དབྱངས་གཞོན་ནུའི་ཆ་ལུགས་འཆང་བ་པོ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་སྒྲོན་མེ་རབ་ཏུ་གསལ་བ། སྲིད་པ་གསུམ་ཟེར་དུས་ཧ་ཅང་ཆེན་པོ་ཡིན་ཀྱང་། འཛམ་གླིང་འདིའི་ཤར་ནུབ་ལྷོ་བྱང་མང་པོ་ཞིག་ལ་ངོས་ཀྱིས་བསམ་འཆར་བཤད་པ་དེ་དག་ལ་དོ་སྣང་བྱེད་མཁན་བྱུང་ནས་འཇིག་རྟེན་གསུམ་གྱི་མུན་སེལ་བ་ཞེས་པ་ལྟར། ངོས་ཀྱིས་གང་ལ་གང་འཚམ་བྱས་ཡོད། འགྲོ་བ་མི་སྡུག་བསྔལ་མི་འདོད་ཅིང་། བདེ་བ་འདོད་མཁན། འཛམ་གླིང་འདིར་མིའི་རིགས་འཁྲུག་ཆ་དོད་ཤོས་ཤིག་ཡིན་པས། ག་ཚོད་ཐུབ་ཐུབ་ཀྱིས་འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མའི་སེམས་པ་ལྷོད་ལྷོད་དང་། བྱམས་བརྩེའི་བློ་ཕྲན་བུ་ཡོད་པ། ཕུགས་རྒྱང་རིང་པོ་དང་རྒྱ་ཆེན་པོའི་ཁེ་ཕན་ཡག་པོ་མཐོང་བའི་ཐོག་ནས་གནས་པ་ཡིན་ན་འཛམ་གླིང་འདི་དངོས་གནས་ཞི་བདེ། བདེ་སྐྱིད་འཕེལ་བ་ཞིག་ཡོང་ཐུབ་པ་རེད།
ངོས་རང་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་སོང་ཡོད། ང་ཚོ་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་སྐྱེས་པའི་སྐབས་སུ་མའི་མངལ་ནས་བཙས་ཤིང་། མ་ཡི་བྱམས་བརྩེའི་འོག་ནས་འཚོ་ཞིང་འཚར་ལོངས་བྱུང་བ་རེད། ང་ཚོའི་མི་ཚེ་བྱམས་བརྩེའི་འོག་ནས་མགོ་ཚུགས་པ་ཡིན་པས་མི་ཚེ་གང་པོར་བྱམས་བརྩེ་ཡག་པོ་ཞིག་སེམས་ལ་ཡོད་ན་འཛམ་གླིང་གི་འཁྲུག་པ་ཡོད་ཚད་ཞི་འགྲོ་བ་དང་། ཕྲན་བུའི་མི་མཐུན་པའི་རིགས་བྱུང་ནའང་། ཕན་ཚུན་ལ་སྐད་ཆ་བཤད་ནས་མིའི་བརྩེ་བ་མ་བོར་བའི་ཐོག་ནས་དཀའ་ངལ་སེལ་བ་ཞིག་དང་། དཀའ་ངལ་ཕྲན་བུ་བྱུང་མ་ཐག་ང་ཚོ་དང་ཁྱོད་ཚོ་ཞེས་པའི་སྐད་ཆ་བཤད་དེ་མཚོན་ཆ་ལ་ལག་པ་འཆང་རྒྱུ་མ་ཡོང་བ་ཞིག་དགོས། ང་ཚོ་མའི་བརྩེ་བའི་འོག་ནས་འཚར་ལོངས་བྱུང་བ་ཡིན་པས་བྱམས་བརྩེའི་ཚོར་བ་ཡོད་པའི་ཐོག་ནས་མི་ཚེ་སྐྱེལ་ཐུབ་ན་ཆོས་ཁས་བླངས་ནའང་རེད། མ་བླངས་ནའང་རེད། གང་ལྟར་ཡང་སྙིང་ཆོས་ཕྱོགས་ནས་བཤད་ནའང་རེད། དམིགས་བསལ་ཆོས་ཀྱི་སྐད་ཆ་མ་བཤད་ཀྱང་། ཞི་བདེ་བག་ཕེབས་ཤིག་གི་ཐོག་ནས་མི་ཚེ་སྐྱེལ་ཐུབ་ན་ཡག་པོ་འདུག ང་ཚོ་ཚང་མས་ཁ་ནས་འཛམ་གླིང་ཞི་བདེ་ཞེས་བཤད་ཀྱི་ཡོད། ཞི་བདེ་སེམས་ནས་ཡོང་དགོས་པ་རེད་མ་གཏོགས་ཡིག་ཆ་ལྟ་བུ་ཞིག་གི་ཐོག་ནས་ཞི་བདེ་ཟེར་བ་ཁག་པོ་རེད།
ངོས་ཀྱིས་ནམ་རྒྱུད་བཤད་ཀྱི་ཡོད། ང་ཚོ་མི་རེད། དུད་འགྲོ་སྟག་གཟིག་ལྟ་བུ་ཡིན་ན་ཆུང་ཆུང་སྐབས་ནས་གཞན་གྱི་སྲོག་བཅད་ནས་འགྲོ་ཡི་ཡོད། ཁོ་ཚོའི་འཚོ་སྟངས་ནི་གཞན་ཞིག་བསད་ནས་འཚོ་བཞིན་ཡོད། ང་ཚོ་མི་ནི་ཆུང་ཆུང་སྐབས་ནས་མ་ཡི་ནུ་ཞོས་གསོས་པ་དང་། ཆུང་ཆུང་སྐབས་སུ་བྱམས་བརྩེའི་ཚོར་བའི་ཐོག་ནས་མི་ཚེ་ལོངས་པ་རེད། ང་ཚོ་མི་ཞིག་ཡིན་པས་ཆ་ནས་མི་ཚེ་བྱམས་བརྩེས་མགོ་ཚུགས་པ་རེད། མི་ཚེའི་འཕྲོས་དེའང་བྱམས་བརྩེ་ལྡན་པ་ཞིག་གི་ཐོག་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གང་སར་ཞི་བདེ་ཞི་བདེ་ཞེས་ཚང་མས་བཤད་བཞིན་ཡོད་པ་རེད། ཞི་བདེ་གནམ་ནས་ཟག་གི་མ་རེད། ཞི་བདེ་ནི་ང་ཚོ་རང་གིས་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་འཁྲུག་པ་རྒྱག་པ་ལྟ་བུ་དང་། གོ་མཚོན་བེད་སྤྱོད་བྱེད་བཞིན་པ་མེད་པར་བྱས་ཏེ། འཛམ་གླིང་གི་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་མི་གཅིག་མཚུངས་ཡིན་པས་ཕན་ཚུན་ལ་བརྩེ་བ་བྱེད་པ་དང་། ཕྲན་བུ་མི་འདྲ་བ་བྱུང་ན་སྐད་ཆ་བཤད་རྒྱུ་མ་གཏོགས་གོ་མཚོན་བེད་སྤྱོད་བྱ་རྒྱུ་ནི་དུས་ཚོད་ཡོལ་བ་རེད། འཛམ་གླིང་འདིར་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་གོ་མཚོན་ཤུགས་ཆེར་བེད་སྤྱོད་བྱས་ཏེ་མི་ཧ་ཅང་མང་པོ་ཞིག་བསད་རྨས་བཏང་བ་རེད། དེས་གྲུབ་འབྲས་ཅི་ཞིག་ཐོན་འདུག མ་འོངས་པའི་འཛམ་གླིང་ནི་གོ་མཚོན་མེད་པ་དང་། ཕྲན་བུའི་དཀའ་ངལ་འཕྲད་ཚེ་བཤད་ནས་སེལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བྱམས་བརྩེ་ལྡན་པའི་མི་ཚེ་དང་འཛམ་གླིང་ཞི་བདེ་ཇི་ལྟར་ཡོང་ཐབས་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་བ་དང་།
གཞན་ཡང་། འདས་པའི་ལོ་རྒྱུས་ཀྱི་ནང་དུ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་བརྒྱབ་པ་ཡོང་གི་ཡོད། དེ་ཡི་དུས་ཚོད་ཀྱང་ཡོལ་བ་རེད། ཆོས་ལུགས་ཚང་མར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། བརྗོད་བྱ་སྙིང་པོ་ནི་སེམས་བཟང་པོ་བྱེད་པ་དང་། བརྩེ་བ་བྱེད་པ། མི་ལ་ཕན་ཐོགས་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་གི་ཡོད། ཆོས་ཀྱི་སྙིང་པོ་ནི་གཞན་ཕན་བཤད་ཀྱི་ཡོད་པ་རེད། དེར་བརྟེན། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། སེམས་ཅན་རེ་རེར་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་ལྟ་གྲུབ་མི་འདྲ་བ་རེ་རེས་ཕན་ཐོགས་ཡོད་པ་རེད། བསྡོམས་རྒྱག་ཡོང་སྐབས་སེམས་པ་བཟང་པོ་བྱེད་པ་དང་། མི་ལ་ཕན་འདོགས་པ། འཁྲུག་པ་རྒྱག་མི་རུང་། གསོད་རེས་གཏོང་མི་རུང་ཞེས་ཆོས་ལུགས་ཚང་མས་གསུང་གི་ཡོད། ལོ་རྒྱུས་ཀྱི་ནང་དུ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་བརྒྱབ་པ་ཡོང་གི་ཡོད་པ་རེད། ད་ཆ་ང་ཚོ་ཚང་མ་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེ་རུ་ཕྱིན་པའི་སྐབས་སུ་ཆོས་ལུགས་ཚང་མར་གུས་ཞབས་བྱེད་པ་དང་། ཡང་མཐའ་གཅིག་ཏུ་ངེས་པར་ཆོས་དད་དགོས་པ་རེད་ཟེར་བ་དེའང་མིན་པར་ཆོས་དད་མེད་མཁན་ཚོར་ཡང་ཆོས་ཁས་མ་བླངས་རུང་ལྷན་སྐྱེས་ཀྱི་མིའི་སེམས་པ་བཟང་པོ་བྱེད་པར་དོ་སྣང་བྱོས། ངེས་པར་ཆོས་ཀྱི་དད་པ་གཙོ་འདོན་བྱེད་དགོས་པ་མི་འདུག ཅེས་སོགས་འཛམ་གླིང་འདིར་ཆོས་དད་ཡོད་མེད་ཅི་ལྟར་ཡང་མིའི་བརྩེ་བ་དགོས་ཀྱི་ཡོད་སྐོར་བཀའ་སློབ་སྩལ་རྗེས་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་གསུངས་རྗེས་ཉིན་གུང་ལྗགས་སྨིན་བཞེས་པ་དང་། མཐར་མགོན་པོ་གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལ་དྭགས་ཡུལ་དུ་རིགས་ཀྱི་མཐོ་དམན་བརྩི་སྲོལ་ཡོད་པ་ནི་ཡག་པོ་མེད་པ་དང་། ནང་པའི་ཆོས་སུ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་ཞེས་གསུངས་ཡོད་པས་རིགས་རུས་ཀྱི་དབྱེ་བ་འབྱེད་རྒྱུ་མེད་སྐོར་སོགས་བཀའ་སློལ་ཏེ་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །