༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཤམ་ཕྱོགས་སྡེ་ཁག་མཁར་རྩེ་རི་ལྗོངས་ལ་དྭགས་དབུས་གཞུང་མངའ་སྡེ་ལ་དྭགས་ནང་པའི་ཚོགས་འདུའི་ཡན་ལག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མཁར་རྩེ་ཟེར་ཐང་གསུང་ཆོས་ར་བ་རུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་ཡོད་པ་རེད།དེ་ཡང་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁར་རྩེ་ཟེར་ཐང་༸རྒྱལ་བའི་ཕོ་བྲང་ནས་ཆིབས་འཁོར་ལ་བཞུགས་སྟེ། མཁར་རྩེ་གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་ལམ་སྒྲོན་འཇམ་དབྱངས་སློབ་གྲྭའི་སློབ་ཕྲུག་གི་རྟགས་གསལ་གཟིགས་འབུལ་ཞུས་པ་དང་། གསུང་ཆོས་ར་བའི་སྡིངས་ཆའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་སེར་སྐྱ་རྒྱ་ཆེའི་མི་མང་དགའ་དད་ཟུང་འབྲེལ་གྱི་ཐོག་ནས་འཛོམས་པ་རེད། ད་ལྟ་ངོས་རང་ཨ་མ་ལོ་བརྒྱ་དང་དྲུག་ཅན་ཞིག་ལ་ཐུག་སོང་། དེ་རྟེན་འབྲེལ་ཡག་པོ་བྱུང་། གང་ལྟར་བླ་མའི་ཚེ་ཟེར་བ་ནི་གདུལ་བྱའི་དད་མོས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་དེ་སྔ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་ནའང་རེད། མིན་ནའང་རེད། ངོས་ལ་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག དེར་བརྟེན་ངོས་ནས་ཀྱང་ཚེ་རིང་དུ་གནས་པའི་སེམས་ཤུགས་འཕར་མ་ཞིག་དང་། གཙོ་བོ་དད་པ་དང་ལྡན་པའི་ཁྱེད་རང་ཚོས་དད་ཚིག་གཡེལ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་སྡོད་དུས་ངོས་རང་ཚེ་རིང་པོ་ཡོང་བར་ཏན་ཏན་ཕན་ཐོགས་ཡོད་པ་རེད། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་རིང་འདིར་མཐའ་མར་དགེ་བ་བརྟན་བཞུགས་དབུལ་རྒྱུ་དེ་ལྟར་རེད། ངོས་ནས་སྒྲོལ་དཀར་གྱི་ཚེ་དབང་བྱ་རྒྱུ་ཡིན། སྔོན་ལ་ངོས་ཀྱིས་ཚེ་དབང་གི་སྒྲུབ་ཞག་ལ་འདོན་པ་ཏོག་ཙམ་ཡོད། དེའི་རིང་ཁྱོད་ཚོ་དད་པ་དང་དམ་ཚིག་གཡེལ་བ་མེད་པའི་སློབ་མ་སེར་སྐྱ་ཕོ་མོ་རྒན་བྱིས་ཚང་མས་འདུན་པ་རྩེ་གཅིག་པའི་ཐོག་ནས་སྒྲོལ་མའི་གཟུངས་སྔགས་བགྲོངས་ཤིག གོང་དུ་ཞུས་པ་ལྟར་ཨ་མ་ལོ་བརྒྱ་དང་དྲུག་ལ་སླེབས་པ་ཞིག་ལ་ཐུག་པས་ངོས་རང་ཡང་ལོ་བརྒྱ་དང་བཅུ་གྲངས་འཚོ་ཐུབ་པར་སེམས་ཤུགས་སྐྱེས་སོང་། ཁྱོད་ཚོ་འདུར་འདུས་པའི་སྐྱ་སེར་ཕོ་མོ་རྒན་བྱིས་དབྱེ་བ་མེད་པར་༸རྒྱལ་བ་རིན་པོ་ཆེ་ལ་སེམས་གཏིང་ནས་དགའ་བོ་དང་། སེམས་ཐག་ཉེ་བོར་ཡོད་པ་ཚང་མས་སྒྲོལ་མའི་གཟུངས་སྔགས་བགྲོངས་ཤིག ཅེས་དང་།ངོས་ནས་ཉིན་ལྟར་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་པའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། ཚེ་འདི་ལ་ལུས་བདེ་བ་དང་སེམས་བདེ་བ་བྱང་ཆུབ་ཀྱི་སེམས་སྒོམ་ནས་ཡོང་གི་རེད། སྐྱེ་བ་ཕྱི་མར་ཚེ་རབས་ནས་ཚེ་རབས་སུ་བསྟན་པ་དང་འགྲོ་བའི་དོན་བྱེད་པའི་རྐྱེན་བཟང་པོ་དེ་ཡང་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐོག་ནས་ཡོང་བ་རེད། དེར་བརྟེན། ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་ནི་ཉམས་ལེན་གྱི་མཐིལ་དུ་འཛིན་གྱི་ཡོད། དེ་དང་ཆབས་ཅིག་སྣང་ཞིང་སྲིད་པའི་ཆོས། ང་ཚོར་བདེ་སྡུག་ཆགས་སྡང་སྐྱེས་པའི་ཡུལ་སྣ་ཚོགས་པར་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་ཅིང་། དོན་གྱི་ངོས་ནས་གྲུབ་མེད་པར་མིང་རྐྱང་བཏགས་ཡོད་ཙམ་ཡིན་པའི་སྟོང་ཉིད་ལ་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། དེར་བརྟེན། དེ་རིང་འདིར་དད་འདུས་ཀྱི་སློབ་མ་ཚོར་ཆ་བཞག་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཞིག་ཐོངས་ཤིགདེ་རིང་འདིར་ཁྱོད་ཚོས་བརྟན་བཞུགས་ཕུལ་སའི་ཤཱཀྱའི་དགེ་སློང་འདིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་ལ་འཛིན་གྱི་ཡོད། ཁྱོད་ཚོས་ཀྱང་བླ་མ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་མཁན་ཞིག་དོན་དུ་བརྟན་བཞུགས་སྨོན་ལམ་རྒྱག་གི་ཡོད་པས་ཁྱོད་ཚོས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་རྒྱུན་དུ་བསམ་བློ་གཏོང་དགོས་པ་རེད། དེ་ནི་འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་པ་གཅིག་པུས་སྐད་ཆ་མིན་པར། ང་རང་ཚོའི་ལུས་རྟེན་འདིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དམིགས་བསལ་ཞིག་ཡོད་པ་དང་། ཕྱི་ནང་གི་རྐྱེན་ཡང་འཛོམས་ཡོད་པས་དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་བྱས་ནས་༸རྒྱལ་བ་རིན་པོ་ཆེའི་སློབ་མ་མིང་དོན་མཚུངས་པ་ཞིག་བྱ་རྒྱུ་ཡིན་བསམ་པ་བྱོས། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་སྒྲུབ་ཞག་དང་། ཆོས་ཞུ་བ་ཡོངས་ཀྱིས་སྒྲོལ་མའི་གཟུངས་སྔགས་བགྲངས་གསོག་གིས་ཚེ་དབང་སྔོན་འགྲོའི་སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན། འདི་ཡན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་འབུལ་རྒྱུའི་སྒྲུབ་ཞག་ཟིན་པ་ཡིན། གང་ལྟར་མི་ཚེ་རིང་པོར་བསྡད་པ་ཙམ་གྱིས་ངོ་མཚར་བྱེད་རྒྱུ་གང་ཡང་མི་འདུག འཛམ་གླིང་འདིར་ཚེ་རིང་པོར་སྡོད་མཁན་གསོན་པའི་རིང་ལ་ཆགས་སྡང་རྨོངས་གསུམ་གྱི་སྒང་ལ་བསམ་བློ་བཏང་སྡོད་མཁན་ཡོང་གི་ཡོད། དེ་ལ་དགོས་པ་གང་ཡང་མི་འདུག ང་ཚོ་ཚེ་རིང་པོར་སྡོད་པར་ལོ་དང་ཟླ་བ། ཉིན་རེ་བཞིན་དུ་དགེ་སེམས་ཡག་པོ་ཞིག་སྐྱེ་བ་དང་། དེའི་ཐོག་ལ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཏོག་ཙམ་བཏང་ནས་ཐབས་ཤེས་ཟུང་འབྲེལ་གྱི་བསམ་བློ་གཏོང་ཐུབ་ན་དངོས་གནས་དད་པ་ཐོབ་པ་དོན་དང་ལྡན་པ་ཞིག་ཡོང་གི་ཡོད། ངོས་རང་ལ་ཆ་བཞག་ནའང་ཉིན་རེར་ཞོགས་པ་ཡར་ལངས་པ་དང་། བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་བསྒོམ་གྱི་ཡོད། ལྷ་ཡི་རྣལ་འབྱོར་དེ་འདྲ་མང་པོ་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་སྒོམ་རྒྱུ་གཙོ་བོར་བྱེད་ཀྱི་ཡོད། བསམ་བློ་དེ་ལྟར་གཏོང་དུས། སྤྱོད་འཇུག་ལེའུ་གསུམ་པ་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་གསུངས་པ་ལྟར་སོ་སོའི་བསམ་བློའི་ནང་དུ་དམ་བཅའ་བརྟན་པོ་ཞིག་ཡོང་གི་འདུག ང་ཚོས་ཚེ་སྒྲུབ་བྱས་ཏེ་ཚེ་རིང་པོར་གནས་པ་དེ་གལ་ཆེན་པོ་རེད་དེ། རིང་པོར་གནས་པའི་ཚེ་དེའི་རིང་ལ་དགེ་སེམས་ཁྱད་པར་ཅན་ཞིག་ལ་ཉིན་རེ་བཞིན་དུ་བསམ་བློ་བཏང་བ་ཡིན་ན་ཚེ་རིང་དུ་གནས་པའི་དོན་གོ་ཚང་བ་རེད། གཞན་ཚེ་རིང་པོར་གནས་ཀྱང་སྡིག་པ་གསོག་མཁན་ལྟ་བུ་ཆགས་ན་དགོས་པ་གང་ཡང་མེད།དེ་རིང་འདིར་དད་འདུས་ཀྱི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་ཚང་མས་ཉིན་རེ་བཞིན་དུ། འཛམ་གླིང་འདིའི་ཐོག་གི་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ང་རང་ཡང་འཛམ་གླིང་འདིའི་ཐོག་གི་མི་ཞིག་རེད། དེར་བརྟེན། ཀུན་ལ་ཕན་པ་སྒྲུབ་པ་ཞིག་བྱེད་ཀྱི་ཡིན་བསམ་པ་ཉིན་རེ་བཞིན་མ་བརྗེད་པ་བྱེད་དགོས། དེ་བཞིན་ང་ཚོས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་ཚང་མ་དོན་སྟེང་ནས་ཡོད་པ་ལྟ་བུ་ཞིག་སྣང་གི་འདུག་སྟེ། དེ་ལ་དཔྱད་པའི་ཚེ་ན་དོན་སྟེང་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པ་རེད། དེར་བརྟེན། ཆོས་ཐམས་ཅད་རྟོག་པའི་དབང་གིས་བཏགས་ནས་ཡོད་ཙམ་མ་གཏོགས་དོན་གྱི་དོན་གྱི་ངོས་ནས་ཡོད་པ་ལྟར་སྣང་གི་ཡོད་ཀྱང་། སྣང་བ་ལྟར་དུ་གྲུབ་པ་གཏན་ནས་མེད་པ་རེད། ངོས་ཀྱིས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ཡོང་དུས་སེམས་ལ་སྤོབས་པའང་སླེབས་སྡོད་པ་དང་། ཡང་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་སྡུག་བསྔལ་བསམ་དུས་སེམས་ཏོག་ཙམ་སྐྱོ་བའི་སྐྱོ་བའང་ཡོང་གི་འདུག དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དགའ་སྐྱོ་ཟུང་འབྲེལ་ལ་མུ་མཐུད་ནས་བསམ་བློ་གཏོང་དུས། ངོས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་མྱོང་དགའ་རབ་ཅིག་ཡོད་པ་རེད། འདི་ལྟར་ཕྱིན་པ་ཡིན་ན་སྟོང་ཉིད་ཀྱི་ལྟ་བས་རོགས་བྱས་ཏེ་ཚེ་འདི་ལ་སྦྱོར་ལམ་ཐོབ་ཐུབ་པའི་ཚོད་དཔག་དགའ་རབ་བྱེད་ཀྱི་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་།གཞན་ཡང་། མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་ནམ་རྒྱུན་རྗེས་གནང་སོགས་བྱེད་དུས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པར་འགྲེལ་བཤད་ཅིག་རྒྱག་གི་ཡོད། སྒོམ་འཇུག་གི་ཡོད། དེ་གལ་ཆེན་པོར་མཐོང་གི་འདུག དཀྱིལ་འཁོར་གྱི་ཆོ་གའི་ནང་དུ་ཡོད་པ་རེད། དེ་རིང་འདིར་ཚེ་དབང་བྱེད་ཀྱི་ཡོད་པས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ལ་བསམ་བློ་ཞིག་གཏོང་། ཞེས་བཀའ་ཕེབས་རྗེས་གསུང་ཆོས་གསོལ་འདེབས་ཞུ་མཁན་གྱི་འཐུས་མི་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་སེམས་བསྐྱེད་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཚང་མ་དངོས་དང་རྒྱུད་པའི་སྒོ་ནས་རང་ལ་ཕན་འདོགས་མཁན་བྱེད་མ་མྱོང་བ་གཅིག་ཀྱང་ཡོད་པ་མ་རེད། མི་ལུས་ཐོབ་པའི་སྐབས་སུ་མིའི་སྤྱི་ཚོགས་ལ་བརྟེན་ནས་རང་གི་མི་ཚེ་བསྐྱལ་དགོས་ཀྱི་ཡོད་པ་དང་། དུད་འགྲོར་མཚོན་ན་སོ་སོའི་ཁྱུ་ལ་བརྟེན་ནས་འཚོ་དགོས། ཁེར་རྐྱང་གཅིག་པུར་འཚོ་ཐབས་མི་འདུག སྐབས་སུ་བབ་པ་ང་ཚོར་མི་ལུས་ཐོབ་ཡོད་པ་རེད། བྱེ་བྲག་ཏུ་འཛམ་གླིང་འདིར་སྐྱེས་པའི་མི་ཆགས་ཡོད། འཛམ་གླིང་འདིའི་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པའི་སྤྱི་ཚོགས་ལ་བརྟེན་ནས་ང་ཚོ་འཚོ་བཞིན་ཡོད། མིས་མཚོན་པའི་ལྷ། ཀླུ གཞི་བདག མི་མ་ཡིན་སོགས་ཚང་མ་དངོས་དང་བརྒྱུད་པའི་སྒོ་ནས་རང་གི་གཉེན་ཉེ་དུར་མ་གྱུར་པ་གཅིག་ཀྱང་ཡོད་པ་མ་རེད། སྙིང་རྗེ། འཛམ་གླིང་འདིའི་སྟེང་གི་འབྱུང་བོ། མི་མ་ཡིན། ལྷ་དང་ལྷ་མ་ཡིན་ཚང་མ་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ང་ཚོར་ལས་ཀྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་འདུག དེར་བརྟེན། སེམས་ཅན་འདི་དག་ཚང་མར་ངས་ཕན་ཐོགས་སྒྲུབ་བསམ་པའི་བསམ་བློ་ཡག་པོ་ཞིག་ཐོངས། དེས་སྨོན་པ་བྱང་ཆུབ་ཀྱི་སེམས་འཛིན་རྒྱུ་ཡིན། ཞེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཞིང་། དེ་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་སྔོན་འགྲོའི་བཀའ་སློབ་དང་། ཚེ་དབང་དངོས་གཞི་རིམ་པར་སྩལ་གྲུབ་མཚམས་བཀའ་སློབ་སྩལ་དོན།བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་གཙོ་བོ་ཡིན་པས་དེ་ཉམས་ལེན་ཡག་པོ་ཞིག་བྱོས། འདི་ཡན་སྐབས་སུ་བབ་པའི་ཆོས་འབྲེལ་རྣམས་ལེགས་པར་ཟིན་པ་ཡིན། དམིགས་བསལ་ཞུ་རྒྱུ་མེད། འདིར་ཡོད་པའི་ཁྱོད་ཚོ་ཚང་མ་ཆོས་དད་ཆེན་པོ་དངོས་གནས་དྲང་གནས་ཆོས་ཀྱི་ཉམས་ལེན་དོན་གཉེར་གྱི་འདུན་པ་ཡོད་པ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐབས་རེར་རྒྱ་གར་ནང་དུ་རིགས་རུས་ཀྱི་སྐད་ཆ། རིགས་མཐོ་དམན་གྱི་སྐད་ཆ་བཤད་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། དེའི་ཤན་ལྟ་བུ་འདི་རུ་ཚུར་གལ་སྲིད་ཡོང་གི་ཡོད་ན། རིགས་དམན་པ་ཞེས་མར་འཇོག་པ་དང་། རིགས་མཐོ་བ་ཟེར་བ་ལྟ་བུ་མི་དགོས་པ་བྱོས། མི་ཚང་མ་འདྲ་མཉམ་རེད། དེ་ལ་བསམ་བློ་ཐོངས། ངོས་ཀྱིས་ནམ་རྒྱུན་རྒྱ་གར་ནང་དུ་རིགས་རུས་ཀྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད། ང་ཚོར་ཆ་བཞག་ན་སངས་རྒྱས་པའི་ཆོས་པ་རེད། རིགས་རུས་ཀྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། ཚང་མར་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་གཅིག་པ་རེད། ལམ་སྒོམ་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་ནུས་པ་ཡོད་པ་གཅིག་གྱུར་རེད། ཚང་མས་ཧུར་ཐག་བྱེད་རོགས། དེ་ལྟར་ཡིན། ཞེས་བཀའ་སློབ་སྩལ་རྗེས་གཤམ་ཕྱོགས་མཁར་རྩེ་ཡི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་མཇལ་ཁ་ཞུས་རྗེས་ཐེངས་འདིའི་གཤམ་ལྗོངས་ཡུལ་གྱི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་སྟེ་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་གླེ་ཡི་ཞི་བའི་ཚལ་གྱི་ཕོ་བྲང་དུ་༸ཞབས་སོར་བདེ་བོར་འཁོད་ཡོད།།