༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དབུས་འཛིན་མངའ་ཁུལ་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ཤེལ་གྱི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དྷུ་གྷཱཊ་ཞེས་པར་ཆེ་བསྟོད་ཀྱི་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཞོགས་པའི་ཆུ་ཚོད་ ༨།༠༠ ཙམ་ནས་ལ་དྭགས་ཨ་མ་ཚོགས་པའི་དབུས་སའི་ཚོགས་མི་སོགས་དད་ལྡན་མཇལ་བཅར་བ་ཉིས་བརྒྱ་བརྒལ་བར་མཇལ་ཁ་སྩལ་རྗེས་ཆིབས་འཁོར་བརྒྱུད་ཤེལ་གྱི་སེང་གེ་གཙང་པོའི་འགྲམ་རྒྱུད་སིན་དྷུ་གྷཱཊ་ཅེས་པར་ཆིབས་བསྒྱུར་སྐབས་རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། ལ་དྭགས་ནང་པ་ཚོགས་འདུའི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་སོགས་ལ་དྭགས་ཀྱི་མཐོ་རིམ་མི་སྣ་རྣམས་ཀྱིས་ཕེབས་བསུ་དང་བཅས་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་ཕེབས་སྐྱེལ་གསོལ་སྟོན་མཛད་རིམ་དབུ་འཛུགས་ཀྱིས་ལ་དྭགས་ཀྱི་སྲོལ་རྒྱུན་འཁྲབ་གཞས་དང་། ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་གིས་རྨ་བྱ་ཞེས་པའི་འཁྲབ་གཞས་གཟིགས་འབུལ།དེ་བཞིན་རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་རིམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་སུ་ཞི་བདེའི་མཛད་འཕྲིན་བསྐྱངས་གནང་བའི་བཀའ་དྲིན་དང་། ལྷག་པར་ལ་དྭགས་མི་མང་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། མ་འོངས་པར་ཡང་ཡང་ཆིབས་བསྒྱུར་བསྐྱང་རྒྱུར་གསོལ་འདེབས་སོགས་གསུང་བཤད་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་བཀའ་སློབ་སྩལ་དོན། དེ་རིང་མང་པོ་ཞུ་རྒྱུ་མི་འདུག ཚིག་གསུམ་ཞུ་འདོད་བྱུང་། དང་པོ་ནི། ངོས་རང་མི་ཞིག་ཡིན་པའི་ངོས་ནས། སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་འཛམ་གླིང་འདིའི་སྟེང་གི་རྙོག་གྲ་ཧ་ཅང་མང་པོ་རྒྱུན་མ་ཆད་པར་ཡོང་བཞིན་པའི་འགྲོ་བ་མི་རྣམས། ཐོག་མར་མངལ་ནས་བཙས་མ་ཐག་པ་ནས་མས་བྱམས་བརྩེས་བསྐྱངས་ཤིང་། ཆུང་ཆུང་སྐབས་སུ་བྱམས་བརྩེས་འཚོ་བསྡད་པ་ཞིག་ཆགས་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་མི་གྲངས་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་མས་བརྩེ་བས་བསྐྱངས་པ་ཤ་སྟག་ཡིན་པས་མི་ཚེ་ཡར་ལོངས་པའི་དུས་སུ་མིའི་བརྩེ་བ་གཏན་ནས་མ་བརླག་པར་བྱེད་པ་དང་། སྤྱི་ཚོགས་ནང་དུ་ག་ཚོད་ཐུབ་ཐུབ་ཀྱིས་ཡར་རྒྱས་ཡོང་བར་བྱེད་དགོས། ངོས་ཀྱིས་འདི་ཡིད་ཆེས་བྱེད་ཀྱི་ཡོད། གང་ལྟར་བརྩེ་བ་ཟེར་བ་ཡོད་ན་སེམས་སྐྱིད་ཅིང་། ལུས་བདེ་བ་ཡིན།རིམ་པ་དང་པོ་ནི། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བརྩེ་བ་ཅན་རེད། འདིར་དངོས་སུ་འཛོམས་པ་རྣམས་ཀྱིས་མཚོན་པའི་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་མངལ་ནས་བཙས་པའི་སྐབས་ནས་བྱམས་བརྩེས་འཚོ་བསྡད་པ་ཡིན་པས་ཆོས་ཀྱི་སྐད་ཆ་མིན་པར་མ་ཤི་བར་དུ་བྱམས་བརྩེ་ཡོད་པ་ཞིག་ཧ་ཅང་གལ་ཆེན་པོ་རེད། དེ་ཞུ་འདོད་བྱུང་།
རིམ་པ་གཉིས་པ་ནི། ངོས་རང་ཆོས་པ་ཞིག་རེད། འཛམ་གླིང་འདིར་ཆོས་ལུགས་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་སྐབས་རེར་འཁྲུག་པ་རྒྱག་གི་ཡོད་པ་རེད། ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོའི་ཚེ་འདིར་དཔལ་འབྱོར་ལོངས་སྤྱོད་རྐྱང་རྐྱང་མ་ཡིན་པར་གཏན་གྱི་འདུན་མ་འགྲུབ་པའི་ཆོས་ཀྱི་བསམ་བློ་བཏང་སྟེ། ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་ཡོད་ཀྱང་རུང་། མེད་ཀྱང་རུང་། གང་ལྟར་ཆོས་ལུགས་ཚང་མས་བརྩེ་བའི་སེམས་གཞན་ཕན་གྱི་བློ་དགོས་པ་རེད་ཅེས་གསུང་གི་ཡོད་པས་ཚང་མ་མཐུན་པོ་བྱེད་དགོས། ངོས་རང་ནང་པ་རེད། ཡིན་ནའང་། ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། འཛམ་གླིང་ས་ཆ་གང་སར་ཆོས་ལུགས་མི་འདྲ་བའི་ལྷ་ཁང་ཡོད་པ་ལ་ཕྱིན་ནས་ཆོས་ལུགས་དེ་དག་ཉམས་སུ་ལེན་མཁན་རྣམས་ལ་སེམས་པ་བཟང་པོ་ཞིག་ཡོང་བར་སྨོན་ལམ་རྒྱག་གི་ཡོད།ལྟ་གྲུབ་མི་མཐུན་པ་ཡོད་པ་ནི། ནང་པ་རང་ལ་ཆ་བཞག་ནའང་བྱེ་བྲག་སྨྲ་པ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དང་། དེ་དག་གི་ནང་གསེས་ལའང་མི་འདྲ་བ་ཡོང་གི་ཡོད། ཡིན་ནའང་། དེ་དག་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །ཟེར་མཁན་ཤ་སྟག་ཡིན། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་སུ་འབྲངས་ནས་སེམས་བཟང་པོ་བྱེད་པ་དང་། ཀུན་ལ་ཕན་སེམས་བྱེད་པ་གཅིག་མཚུངས་རེད། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་མི་ལ་ཕན་སེམས་བྱེད་པ་དང་། ཕན་ཐོགས་བྱེད་པ་རེད། དེར་བརྟེན། ཆོས་ལུགས་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མིའི་ཁམས་དང་མོས་པ། དེ་བཞིན་བློའི་འགྲོ་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པས་མི་མང་པོར་ཕན་པའི་ཆེད་དུ་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད།དེ་ནས་དོན་ཚན་གཅིག་ནི། ངོས་ཀྱིས་འདི་བཤད་འདོད་བྱུང་། ངོས་རང་བོད་པ་རེད། གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རེད། ང་ཚོའི་བོད་དུ་དཔེ་ཆར་བལྟ་དུས་ཚད་མ་རིག་པ་དང་སྦྲེལ་ནས་ལྟ་གི་ཡོད། རྩ་བ་དབུ་ཕར་གྱི་གཞུང་ན་སེམས་ཁམས་རིག་པ་ཧ་ཅང་ཞིབ་ཚགས་པོ་ཡོད་པའི་ཐོག་ལ་ཚད་མ་རིག་པས་དཔྱད་པ་བྱེད་པ་དང་། དཔེར་ན། སངས་རྒྱས་རང་གི་གསུང་ལ་ཆ་བཞག་ནའང་དཔྱད་པ་བྱས་ཏེ་སངས་རྒྱས་ཀྱི་གསུང་འདི་དྲང་དོན་དགོངས་པ་ཅན་རེད། གསུང་འདི་ངེས་དོན་དུ་ཁས་ལེན་ཆོག་པ་ཞིག་རེད་ཅེས་རིགས་པས་དཔྱད་པ་བྱས་ཏེ་འགྲོ་རྒྱུ་ཞིག་ཡོང་གི་འདུགདེང་སང་འཛམ་གླིང་འདིར་དེ་སྔ་ནང་པའི་ཆོས་མ་ཁྱབ་སའི་ས་ཁུལ་དུའང་ནང་པའི་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་གཏོང་བ་ལ་དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་གི་འདུག ངེས་པར་ཆོས་བྱེད་དགོས་པ་རེད་ཅེས་ཟེར་རྒྱུ་མེད། སོ་སོའི་ཁམས་དང་མོས་པ་ལ་བསྟུན་ནས་འགྲོ་དགོས། མི་མང་པོ་ཞིག་ལ་ཆོས་དད་མེད་ཀྱང་། བཟང་སྤྱོད་དང་ཕན་སེམས་ལག་ལེན་སྐྱེལ་མཁན་འཛམ་གླིང་འདིར་མང་པོ་འདུག དབྱིན་ཡིག་གི་ནང་དུ་ Secular ethics (ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་) ཞེས་པ་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་རྗེས། མདུན་ཕྱོགས་སུ་ཡོད་པའི་གངས་རིར་གཟིགས་ཏེ་གངས་རི་འདི་མཐོང་ན། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཞེས་པ་དྲན་ཡོང་གི་འདུག ཅེས་དང་།
གཞན་ཡང་། འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་གཞུང་ལ་སྦྱངས་ཤིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཕྱོགས་ཀྱི་གླང་པོ་ལ་སོགས་པས་ལམ་སྟོན་གནང་བའི་རྗེས་སུ་འབྲངས་ཏེ་རིགས་པའི་ལམ་ནས་དཔྱད་པ་བྱེད་པ་དེ་དེང་སང་ཚན་རིག་པ་དང་གྲོགས་པོ་ཆགས་པའམ་སེམས་ཐག་ཉེ་པོ་ཡོང་གི་ཡོད། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་རིགས་པས་ལམ་ནས་དཔྱད་ཅིང་། གྲུབ་དོན་དུ་སེམས་ཀྱི་ཞི་བདེ་སྒྲུབ་པ་འདི་ལ་འཛམ་བུ་གླིང་དུ་དམིགས་བསལ་ཆོས་དད་མེད་མཁན་གྱི་མི་ཞིག་ཡིན་ཀྱང་། སེམས་ལ་ཞི་བདེ་ཡོང་བའི་ཆེད་དུ་དོ་སྣང་བྱེད་མཁན་ཡོང་གི་འདུག་ལ། མི་ལ་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། ང་ཚོ་བོད་གངས་ཅན་གྱི་ལྗོངས་དང་ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་ཀྱིས་མཚོན་པའི་ས་ཁུལ་དག་ཏུ་བོད་གངས་ཅན་གྱི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སྔར་ནས་དར་སྲོལ་ཡོད། ཆོས་བྱེད་ཅེས་པ་ནི་འདོན་པ་བཏོན་ནས་སྡོད་པ་ལྟ་བུ་དང་། སྨོན་ལམ་བརྒྱབ་ནས་འདུག་པ་ལྟ་བུའི་སྐད་ཆ་མ་ཡིན་པར་བསམ་བློའི་འགྲོ་སྟངས་ཇི་ལྟར་ཡིན་པ་ལ་དོ་སྣང་བྱས་ཏེ་སེམས་ཀྱི་ཞི་བདེ་ཡོང་བ་དང་། སྤྱི་ཚོགས་བདེ་སྐྱིད་ཡོང་བ། སེམས་ཁམས་རིག་པའི་ཐོག་ནས་ཡར་རྒྱས་འགྲོ་བ་ཞིག་རེད།ངོས་ཀྱིས་ད་ལྟའི་བར་དུ་བསྟན་པ་དང་འགྲོ་བའི་དོན་གང་ཡོང་ཞིག་བྱས་ཏེ། གྲུབ་འབྲས་ཀྱང་གང་ལ་གང་འཚམ་བྱུང་ཡོད། བོད་ཀྱི་གནས་སྟངས་དཀའ་ངལ་དམིགས་བསལ་ཅན་ཆགས་པའི་སྐབས་སུའང་ཞུམ་པ་མེད་པའི་ཐོག་ནས་ཆོས་དང་རིག་གཞུང་བདག་པོ་བརྒྱབ་པ་དང་། དེའི་ཐོག་ལ་ཚན་རིག་གི་རིག་གནས་སྣོན་པ་བརྒྱབ་ནས་འགྲོ་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱེད་ཚོས་དོ་སྣང་གནང་གི་ཡོད། ངོས་རང་ལ་ཁྱེད་ཚོ་ཚང་མས་མོས་པ་དང་ཡིད་ཆེས་ཤུགས་ཆེན་པོ་བྱེད་ཀྱི་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། རྒྱ་གར་གདིང་དུ་ཆར་ཞོད་ཆེན་པོ་ཡོད་པའི་སྐབས་སུ་ལ་དྭགས་སྐམ་ས་ཡིན་པས་ངོས་ལ་ཧ་ཅང་འཕྲོད་པོ་འདུག་པས་ཡོང་གི་ཡོད། མ་འོངས་པར་ཡང་ལོ་མང་རིང་ཚ་གཡོལ་ལམ་ཆར་ཞོད་ཀྱི་དཀའ་ངལ་འཕྲད་སྐབས་ལ་དྭགས་སུ་ཡོང་རྒྱུ་ནི་ངོས་ལ་ཧ་ཅང་འཕྲོད་པོ་འདུག འབྱུང་འགྱུར་ལོ་འཆར་ཅན་རྒྱ་གར་གདིང་ལ་ཆར་ཞོད་སྐབས་ངོས་ཡར་ཡོང་རྒྱུར་དགའ་པོ་ཡོད། ཁྱེད་ཚོ་ལ་དྭགས་མི་མང་རྣམས་ལྷག་བསམ་རྩེ་གཅིག་རེད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་གྲུབ་མཚམས་ལ་དྭགས་རི་ལྗོངས་རང་སྐྱོང་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གྲུབ་མཚམས་ཚོགས་སྡེ་ཁག་ཅིག་གི་འཐུས་མིའི་མཉམ་དུ་སྐུ་པར་ལྷན་སྒྲོན་མཛད་པ་དང་། མཐར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་འདེགས་འབུལ་ཞུས་པའི་ཆེ་བསྟོད་གསོལ་སྟོན་ལ་དགྱེས་བཞུགས་མཛད་རྗེས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །