༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༡༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་དགེ་འཕེལ་གླིང་ཕོ་བྲང་ནས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཀ་བིན་དར་སིངྒ་སུཀ་ཀུ་མཆོག་ལ་ཉིན་གྲངས་འགའ་སྔོན་དུ་མངའ་སྡེའི་ནང་ཆར་རུད་རྐྱེན་པའི་མི་གྲངས་ ༥༠ ལྷག་གི་ཚེ་སྲོག་ཤོར་བར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད།
དེ་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱི་དེ་སྔོན་ཞུས་ཟིན་པ་ལྟར། ཧི་མ་ཅལ་མངའ་སྡེ་ནི་ཕྱི་ལོ་ ༡༩༦༠ ནས་བཟུང་ངོས་ཀྱི་ཁྱིམ་ཚང་ཡིན་པས། མངའ་སྡེའི་མི་མང་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཚོར་གྱི་འདུག ངོས་ཀྱིས་ཚེ་སྲོག་ཤོར་མཁན་རྣམས་ལ་བསྔོ་སྨོན་ཞུ་རྒྱུ་དང་། ཁོང་ཅག་གི་ལྟོས་བཅས་ནང་མི་དང་གོད་ཆགས་ཀྱི་གནོད་སྐྱོན་ཕོག་མཁན་ཚོར་སེམས་གསོ་ཞུ་རྒྱུ་ཡིན།
མངའ་སྡེ་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་གིས་གོད་ཆགས་ཕོག་ཡུལ་དུ་ངལ་སེལ་རོགས་སྐྱོར་གང་ཐུབ་ཅི་ཐུབ་གནང་གི་ཡོད་པ་ངོས་ཀྱི་ཤེས་ཀྱི་ཡོད་ལ། ངོས་རང་ནས་ཧི་མ་ཅཱལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་ཏཱ་ལའི་བླ་མ་ཐེབས་རྩ་ནས་ངལ་སེལ་སྐྱོབ་གསོའི་ཆེད་ཞལ་འདེབས་འབུལ་གྱི་ཡོད། ཅེས་བཀའ་སྩལ་ཡོད་པ་བཅས།།