༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁ་ཆེའི་ཆོས་ལུགས་ཤི་ཡ་ (Shia) དང་། སུན་ནི་ (sunni) ཐུན་མོང་ནས་གདན་ཞུས་ལྟར་ཆུ་ཞོལ་འོག་མའི་ཨེ་མམ་བྷར་གྷ་ (Imam Bargah) ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཉིན་གུང་ལྗགས་སྨིན་གནང་ཡོད་པ་རེད།དེ་ཡང་ཞོགས་པ་ཆུ་ཚོད་ ༧།༤༥ ཙམ་ནས་བོད་པ་དང་ལ་དྭགས་པ་བརྒྱ་ཕྲག་གསུམ་མ་ཟིན་ཙམ་ལ་མཇལ་ཁ་སྩལ་ཞིང་། ཉིན་གུང་ཆུ་ཚོད་ ༡༡།༠༠ ཙམ་ལ་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་སེངྒེ་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་ཆུ་གཤམ་འོག་མའི་ཨེ་མམ་བྷར་གྷ་ (Imam Bargah) ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཁ་ཆེའི་ཆོས་ལུགས་པ་ཕོ་མོ་བརྒྱ་ཕྲག་མང་པོས་ཕེབས་བསུ་དང་འབྲེལ་ཨེ་མམ་བྷར་གྷ་ཕྱག་ཁང་དུ་༸ཞབས་སོར་འཁོད་མཚམས་ཁ་ཆེའི་ཆོས་དཔོན་ཞིག་གིས་རིང་ལུགས་ཀྱི་སྨོན་ལམ་གསུང་འདོན་དང་། དེ་རྗེས་ལ་དྭགས་ཡུལ་གྱི་སུན་ནི་ (sunni) ཆོས་བརྒྱུད་ཀྱི་ཚོགས་གཙོ་ཌག་ཀྲར་ཨབྷ་དུལ་ཀོ་ཡམ་( Dr. Abdul Quayoum) དང་། ཤིས་ཡ་ (Shia) ཆོས་བརྒྱུད་ཀྱི་ཚོགས་གཙོ་ཨཱཤ་རཕ་ཨ་ལི་བྷར་ཅཱ་ (Ashraf Ali Barch) ལགས་གཉིས་ཀྱིས་རིམ་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཡོངས་སུ་ཕན་བདེ་བསྐྲུན་གྱི་ཡོད་པའི་སྐོར་དང་། སྐུ་ཚེ་རིང་པོར་བཞུགས་ཏེ་ལ་དྭགས་སུ་ཡང་ཡང་ཆིབས་བསྒྱུར་བསྐྱངས་རྒྱུར་གསོལ་འདེབས་ཞུས་ཤིང་། བོད་ནི་ལོ་རྒྱུས་དང་རིག་གཞུང་གང་གི་ཆ་ནས་ཀྱང་ལ་དྭགས་དང་འབྲེལ་བ་ཆེན་པོ་ཡོད་སྐོར་སོགས་ཕེབས་བསུའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་རང་ནམ་རྒྱུན་མི་སུ་དང་ཐུག་རུང་ང་ཚོ་གཅིག་པ་ཡིན་བསམ་པ་མ་གཏོགས་ང་ཏཱ་ལའི་བླ་མ་ཡིན་ཞེས་མི་འདྲ་བ་ཞིག་ཡིན་པར་བསམ་གྱི་མེད། ངོས་ཀྱིས་རྒྱུན་དུ་འདི་ལྟར་དྲན་གྱི་འདུག ང་ཚོའི་མི་ཚེ་མགོ་ཚུགས་པའི་སྐབས་སུ་མའི་བྱམས་སྐྱོང་དང་བརྩེ་བའི་འོག་ནས་འཚོས་ཤིང་། དེ་ལྟ་བུའི་ཉམས་མྱོང་གིས་མི་ཚེ་གང་བོར་བྱམས་བརྩེའི་བློ་དང་ལྡན་པ་ཞིག་དང་། མི་སུ་ལ་ཡིན་རུང་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་དགོས། འཆི་བའི་སྐབས་སུ་བྱམས་བརྩེ་ལྡན་པའི་གྲོགས་པོ་ཚོས་བསྐོར་ནས་ཤི་ཐུབ་པ་ཞིག་ཧ་ཅང་གལ་ཆེན་པོ་རེད།
བློ་ཕངས་པ་ཞིག་ལ་འཛམ་གླིང་འདིར་མི་ཡི་མི་ཚེ་མགོ་བཙུགས་པའི་སྐབས་ཀྱི་བྱམས་བརྩེའི་ཚོར་བ་དེ་ཆོས་ལུགས་མི་འདྲ་བ་དང་། ལུང་པ་མི་འདྲ་བ་སོགས་ཀྱི་ཐོག་ནས་ང་དང་ཁྱོད་ཅེས་དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པ་བྱུང་བ་རེད། ཧ་ཅང་སེམས་སྐྱོ་བོ་རེད། མི་གཅིག་པ་ཡིན་པ་ཞིག་ལ་གསོད་རེས་བྱེད་པ་ནི་ཆག་སྒོ་བློ་ཡུལ་ལས་འདས་པ་ཡིན་ཡང་། འདས་པའི་ལོ་རྒྱུས་ཀྱི་རྒྱུ་དང་རྐྱེན་གང་ཡིན་པ་གོ་བསྡུར་བྱེད་པ་ལས་བྱུང་བ་རྣམས་ཚར་བ་རེད། ད་ལྟ་ང་ཚོར་ཅི་ཞིག་གལ་ཆེན་པོ་རེད་ཅེ་ན། འབྱུང་འགྱུར་གྱི་འཛམ་གླིང་འདིར་མིའི་ལྷན་སྐྱེས་ཀྱི་རང་བཞིན་དང་མཐུན་པའི་ཞི་བདེ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
དེ་རིང་ཁ་སང་འཛམ་གླིང་ཚ་དྲོད་ཆེ་རུ་ཕྱིན་ནས་བསྐལ་བ་མི་འཇིག་སླེབ་ཀྱི་འདུག ཚན་རིག་པ་ཚོས་ཀྱང་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་རྗོད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལའང་ཚ་དྲོད་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད། མངོན་པ་མཛོད་ལས་བསྐལ་བ་མེ་འཇིག་དང་ཆུ་འཇིག་གསུངས་པའི་མེ་འཇིག་གི་མགོ་ཚུགས་ཀྱི་ཡོད་པ་ལྟ་བུ་འདུག དེར་བརྟེན། འདས་པའི་ལོ་རྒྱུས་ནང་མི་དང་མིའི་དབར་འཁྲུག་པ་བརྒྱབ་ནས་གསོད་རེས་བཏང་བའི་གནས་ཚུལ་དེ་ལྟ་བུ་ནམ་ཡང་མ་ཡོང་བ་ཞིག་དགོས། མི་ཚང་མས་གཅིག་གིས་གཅིག་ལ་བརྩེ་བ་དང་རོགས་རམ་བྱས་ཏེ་འཆི་བའི་སྐབས་སུ་ངོ་ཤེས་པ་ཚང་མས་བརྩེ་བའི་སེམས་ཀྱི་ཐོག་ནས་འབྲལ་མ་ཐུབ་པ་བྱེད་པའི་མི་ཚེ་ཞིག་བསྐྱལ་ཐུབ་ན་ཡག་པོ་ཡོད། ང་ཚོའི་མི་ཚེ་ནི་ཨ་མའི་བརྩེ་བའི་ཐོག་ནས་མགོ་ཚུགས་པས་གསོན་པའི་རིང་ང་དང་ཁྱོད་ཅེས་གསོད་རེས་གཏོང་བ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ཅེས་དང་།
འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མར་འཁྲུག་པ་རྒྱག་པར་ཡིད་ཐང་ཆད་ནས་དངོས་གནས་ཞི་བདེ་ཡག་པོ་ཞིག་ཡོང་བར་འབད་བརྩོན་དང་རེ་འདོད་བྱེད་ཀྱི་ཡོད། ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་མི་གསོད་རེས་བྱེད་པ་ལ་རྒྱུ་མཚན་གཏན་ནས་མེད། ཕྲན་བུ་བློ་མི་མཐུན་པ་ནི་ཁྱིམ་ཚང་གཅིག་གི་ནང་དུ་དཀའ་ངལ་ཕྲན་བུ་ཡོང་སྐབས་སྐད་ཆ་བཤད་ནས་སེལ་ཐབས་བྱེད་ཀྱི་ཡོད་པ་ལྟར་བྱེད་དགོས། འཛམ་གླིང་ཁྱིམ་ཚང་གཅིག་ལ་བལྟས་ནས་དཀའ་ངལ་ག་རེ་བྱུང་ནའང་དེ་སེལ་ཐབས་སུ་ནང་ཚགས་ཐོག་སྐད་ཆ་བཤད་རྒྱུ་མ་གཏོགས། གོ་མཚོན་སྤྱད་དེ་འཁྲུག་པ་རྒྱག་རྒྱུ་ནི་དུས་ཚོད་ཡོལ་བ་རེད། འཛམ་གླིང་འདིར་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ང་ཚོ་འཛམ་གླིང་འདིར་སྐྱེས་པའི་སྐབས་སུ་གོང་དུ་བཤད་པ་ལྟར་མ་ཡི་བརྩེ་བས་བསྐྱངས་པས་མི་ཚེ་འདི་བརྩེ་བ་དང་ལྡན་པ་ཞིག་གི་ཐོག་ནས་འཁྲུག་པ་རྒྱག་པ་དང་། གསོད་རེས་བྱེད་པ་ནམ་ཡང་མ་ཡོང་བ་ཞིག་ལ་སྨོན་ལམ་རྒྱག་གི་ཡོད་ལ། འབད་བརྩོད་བྱེད་བཞིན་ཡོད། ཅེས་དང་།
ངོས་ཀྱི་ད་ལྟའི་གཟུགས་པོའི་བབ་ལ་བལྟས་ན་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་རིང་སྡོད་ཀྱི་རེད། དེ་རིང་སྐབས་སུ་བབ་པ་ལ་དྭགས་ཀྱི་ཁ་ཆེ་ལྷ་ཁང་འདིར་འཛོམས་པ་དང་། ཆོས་ལུགས་ཚང་མ་སྤུན་ཟླ་ནང་བཞིན་གྱི་འདུ་ཤེས་འཁྱེར་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ངོས་རང་ནང་པ་ཡིན་ཡང་། ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མའི་བསླབ་བྱ་དངོས་ཉམས་ལེན་བྱེད་ཚེ་སེམས་བཟང་པོ་བྱེད་པ་དང་། ཕན་ཚུན་བརྩེ་བ་བྱེད་དགོས། དེ་ཆོས་ལུགས་ཚང་མས་གསུངས་ཡོད། ང་ཚོའི་ཆོས་ལུགས་དང་ཁོ་ཚོའི་ཆོས་ལུགས་ཟེར་བ། དཔེར་ན། བོད་ལ་མཚོན་ན་སྤྱི་ཡོངས་ཀྱི་ཐོག་ནས་ནང་པ་གཅིག་གྱུར་ཡིན་ནའང་། བཀའ་རྒྱུད། རྙིང་མ། དགེ་ལུགས། ཇོ་ནང་ཟེར་བ་ལྟ་བུའི་ཆུང་ཙག་ནས་འཐེན་འཁྱེར་གྱིས་ཕྱོགས་སྒྲིལ་བྱེད་པ་རྦད་དེ་ནོར་བ་རེད།
ང་ཚོ་ཚང་མ་ཆོས་བརྒྱུད་མི་འདྲ་བ་ཡིན་ཡང་། གཅིག་གྱུར་གྱིས་སེམས་པ་བཟང་པོ་བྱེད་དགོས་པ་དང་། མིའི་མི་ལ་བརྩེ་བ་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་གི་ཡོད། དེ་རིང་འདིར་ཁ་ཆེའི་གྲོགས་པོ་ཚོའི་མཉམ་དུ་ཚོགས་ནས་ཧ་ཅང་དགའ་བོ་བྱུང་། ལ་དྭགས་སུ་སྤྱིར་བཏང་ཆོས་ལུགས་མཐུན་འབྲེལ་ཡག་པོ་ཡོད་པ་ལྟ་བུ་འདུག ད་དུང་ཚང་མས་དོ་སྣང་བྱོས། ཆོས་ལུགས་ཚང་མར་སེམས་པ་བཟང་པོ་བྱེད་དགོས་པའི་བསླབ་བྱ་དང་། བརྩེ་བ་བྱེད་དགོས་པའི་བསླབ་བྱ་གཅིག་གྱུར་ཡིན་པ་ཞིག་ལ་ཡང་ང་ཚོའི་ཆོས། ཁོ་ཚོའི་ཆོས་ཞེས་འཁྲུག་པ་རྒྱག་པའི་གནས་ཚུལ་ཡོང་གི་ཡོད་པ་ཧ་ཅང་ཐབས་སྐྱོ་བོ་རེད། བོད་ལ་བཀའ་རྒྱུད། ས་སྐྱ། རྙིང་མ། ཇོ་ནང་། དགེ་ལུགས་ཞེས་མི་འདྲ་བ་ཡོང་གི་ཡོད། ངོས་ཀྱིས་དེ་དག་ཚང་མ་དམ་ཚིག་གོང་བུ་གཅིག་གྱུར་བྱུང་ན་བསམ་ནས་བླ་མ་མི་འདྲ་བ་མང་པོའི་མདུན་ནས་རྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལུགས་སོགས་ཀྱི་ཆོས་ཚན་མང་པོ་ཞུས་ནས་ཉམས་ལེན་བྱེད་ཀྱི་ཡོད། ཉིན་རྒྱུན་ཁ་འདོན་བྱེད་པའི་ནང་དུ་དགེ་ལུགས་དང་རྙིང་མ། ས་སྐྱ། ཇོ་ནང་སོགས་རིས་སུ་མ་ཆད་པའི་ཆོས་ཚང་མའི་དབང་བྱིན་རླབས་ཞུས་ཏེ་ཉམས་ལེན་གྱིས་ཚང་མར་མཐུན་འབྲེལ་ཡག་པོ་ཞིག་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད།
ང་ཚོ་ཚང་མས་མི་དང་མིའི་བརྩེ་བ་རྩ་བར་འཇོག་དགོས་པ་དང་། ཆོས་ལུགས་མི་འདྲ་བ་དང་། མི་རིགས་མི་འདྲ་བ་ནི་ཆུང་ཙག་རེད། འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་གཅིག་མཚུངས་ཡིན་པའི་ཐོག་ནས་ཕན་ཚུན་ལ་རོགས་རམ་དང་བརྩེ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་དུ་སྐབས་རེ་ཁོ་ཞྭ་མོ་དམར་པོ་རེད། ཁོ་ཞྭ་མོ་སེར་པོ་རེད་ཟེར་ནས་བཤད་རྒྱུ་ཡོང་གི་འདུག དེ་ནི་ཧ་ཅང་བྱབ་ཆུང་རེད། དེ་རིང་ཁ་ཆེ་ལྷ་ཁང་དུ་ང་ཚོ་ཚང་མ་ཕན་ཚུན་ལ་བརྩེ་བ་ཡོད་པའི་ཐོག་ནས་རུབ་རུབ་བྱས་པ་རེད། ཧ་ཅང་ཡག་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་ཆེའི་ཆོས་བརྒྱུད་འཛིན་མཁན་ནང་དུ་གཙོ་ཆེ་བ་སུན་ནི་ (sunni) དང་། ཤིས་ཡ་ (Shia) ཡོད། འདིར་དྲན་རྟེན་ཁག་གཉིས་འབུལ་རྒྱུ་ཡིན། ལ་དྭགས་ལ་ཆོས་ལུགས་ཀྱི་མཐུན་འབྲེལ་དང་། ཡ་རབས་བྱེད་པ་སྤྱི་ཡོངས་ནས་ཧ་ཅང་ཡག་པོ་འདུག ཚང་མས་ལྷོད་ཡངས་མེད་པར་མི་དང་མིའི་བརྩེ་བ་མ་བརླག་པའི་ཐོག་ནས་ཆོས་ལུགས་མི་འདྲ་བ་ཚང་མ་སེམས་རྒྱུད་འདུལ་བའི་ཐབས་ལམ་གཅིག་གྱུར་ཡིན་བསམ་སྟེ་མཐུན་པོ་བྱེད་རོགས། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་ཆོས་བརྒྱུད་ཁག་གཉིས་ཀྱི་ཚོགས་གཙོ་སོ་སོར་བཀྲ་ཤིས་རྟགས་བརྒྱད་ཀྱི་དྲན་རྟེན་རེ་གནང་ཞིང་། མཐར་ལ་དྭགས་ཁ་ཆེའི་ཆོས་བརྒྱུད་གཉིས་ཐུན་མོང་ནས་འདེགས་འབུལ་ཞུས་པའི་ལྗགས་སྨིན་གནང་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །