༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་ཀྱི་སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་གྱི་ཚོགས་བཅར་བར་མཇལ་ཁ་དང་བཀའ་སློབ་སྩལ་ཞིང་། དེ་བཞིན་རྒྱ་ནག་ཏུ་ཆུ་ལོག་གི་གོད་ཆགས་ཆེན་པོ་བྱུང་བར་མི་མང་ལ་ཐུགས་གསོའི་གསུང་འཕྲིན་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དགེ་འཕེལ་གླིང་གི་གཟིམ་ཆུང་ནས་ཚོམས་ཆེན་དུ་ཆིབས་བསྒྱུར་གྱིས་༸ཞབས་སྟེགས་སུ་འཁོད་མཚམས་ལ་དྭགས་སཱི་ཤེས་ཡོན་སློབ་གསོའི་ཚོགས་མི་བློ་བཟང་དབང་མོ་ལགས་ཀྱིས་ཕེབས་བསུ་དང་། ལ་དྭགས་དབུས་འཛིན་མངའ་གཞུང་གི་ཤེས་རིག་དྲུང་ཆེ་སན་ཇིབ་ཁིར་ཝལ་(Sanjeev Khirwal) ལགས་ཀྱིས་ལ་དྭགས་ཀྱི་སཱི་ཤེས་ཡོན་སློབ་གསོའམ་ཆོས་ལུགས་དང་མ་འབྲེལ་སྤྱོད་བཟང་སྐོར་གྱི་ལས་བསྡོམས་སྙིང་བསྡུས་སྒྲོན་སྐབས་ཕྱི་ལོ་ ༢༠༢༢ ལོར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སློབ་ཚན་མགོ་འཛུགས་གནང་བ་ནས་ད་ལྟའི་བར་སློབ་ཕྲུག་ལྔ་བརྒྱ་ཡོད་སྐོར་སོགས་སྙན་སྒྲོན་དང་། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་སཱི་ཤེས་ཡོན་སློབ་གསོ་ལ་དྭགས་དབུས་འཛིན་མངའ་ཁུལ་གྱིས་གཞུང་འབྲེལ་ཐོག་ཤེས་ཡོན་སྲིད་བྱུས་ནང་གཏན་འབེབས་བྱས་པ་ནི་རྒྱ་གར་ནང་གཞུང་འབྲེལ་གྱིས་གཏན་འབེབ་བྱས་པ་ཐོག་མ་ཡིན་པ་སོགས་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ང་ཚོ་གྲོགས་པོ་ཚོ་ཐུག་ནས་གོ་བསྡུར་བྱེད་པའི་གོ་སྐབས་བྱུང་བ་རེད། ཧ་ཅང་དགའ་བོ་བྱུང་། རྒྱ་གར་མང་གཙོ་དང་། ཆོས་ལུགས་རིས་མེད་རེད། དེ་དང་ཆབས་ཅིག་ཆོས་དད་མེད་པའང་མང་པོ་ཞིག་ཡོང་གི་ཡོད་པ་དང་། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་གི་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་ཆོས་པ་ཆགས་ཐུབ་ཀྱི་མ་རེད། ཕྱོགས་གཅིག་ནས་ཆོས་པའི་ནང་དུའང་ལྟ་གྲུབ་སྣ་ཚོགས་ཡོད་པས་རྙོག་དྲ་ཡོང་གི་ཡོད། བོད་སྤྱི་ཡོངས་ཀྱི་ཆ་ནས་ནང་པའི་ལུང་པ་རེད། ཡིན་ནའང་། ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བའི་ཐོག་ནས་མ་མཐུན་པ་ཡོང་ཡོད། ཆོས་ཀྱི་དད་པས་ཕྱོགས་གཅིག་ནས་སེམས་རྒྱུད་བཏུལ་ནས་ཡག་པོ་ཡོང་གི་ཡོད་ཀྱང་། ཕྱོགས་གཅིག་ནས་ང་ཚོའི་ཆོས་དང་ཁོ་ཚོའི་ཆོས་ཞེས་ཤོད་སྡོད་པ་ཞིག་ཡོང་གི་འདུག དེར་བརྟེན། ངོས་ཀྱིས་བོད་ཀྱི་ས་སྐྱ། བཀའ་རྒྱུད། རྙིང་མ། དགེ་ལུགས་སོགས་ཚང་མའི་དབང་ལུང་མན་ངག་ཞུས་ཏེ་ཆོས་ལུགས་ཚང་མ་ཉམས་ལེན་བྱེད་ཀྱི་ཡོད།
འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་ཆོས་པ་ཆགས་མི་ཐུབ་པས་ཆོས་དང་མ་འབྲེལ་བའི་ཡ་རབས་ཀྱི་བསམ་བློ་བཟང་པོ་ཞིག་ཡོང་བ་ལ་ང་ཚོས་འབད་བརྩོན་བྱ་དགོས། ངོས་ཀྱིས་འབད་བརྩོན་བྱེད་བཞིན་པ་ནི་ཆོས་དང་མ་འབྲེལ་བར་མི་ལ་ལྷན་སྐྱེས་སུ་ཡོད་པའི་བརྩེ་བ་ཡར་རྒྱས་གཏོང་རྒྱུ་དེ་ཡིན། དཔེར་ན། ཕྲུ་གུ་སྐྱེས་མ་ཐག་ནས་ཨ་མས་འོ་མ་སྤྲད་དེ་བརྩེ་བ་ཆེན་པོ་དང་། ཕྲུ་གུའི་ངོས་ནས་ཨ་མར་བརྩེ་བ་ཆེན་པོ་ཡོད་པ་དེ་ལ་ཆོས་དད་ཀྱི་སྐད་ཆ་མེད། དེར་བརྟེན། བརྩེ་བ་ལ་ཆགས་པ་དང་འབྲེལ་བའི་བརྩེ་བ་ཞིག་ཡོད་ཀྱང་། ཆགས་པ་དང་མ་འབྲེལ་བའི་བརྩེ་བ་ཞིག་ཡོང་གི་འདུག མི་ཡིས་རང་བཞིན་ལྷན་སྐྱེས་ཀྱིས་ཕན་ཚུན་ལ་བརྩེ་བ་བྱེད་པ་དེ་འཛམ་གླིང་འདིར་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
འཛམ་གླིང་འདིར་དམག་འཁྲུག་ག་ཚོད་བརྒྱབ་སོང་། དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པའི་སྐབས་མི་ཧ་ཅང་མང་པོ་ཞིག་བསད་རྨས་བཏང་བ་རེད། དམག་འཁྲུག་རྒྱག་རྒྱུར་དོ་སྣང་ཡོད་མཁན་ཚོས་དམག་ཆེན་གསུམ་པ་ལའང་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། དམག་འཁྲུག་གི་དོན་དུ་རྡུལ་ཕྲན་མཚོན་ཆ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དངོས་གནས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་ཤུགས་ཆེན་པོ་བྱས་པ་ཡིན་ན་རང་གཞན་གཉིས་མེད་བཟོ་རྒྱུ་རེད། ད་ལྟའི་འཛམ་གླིང་གི་གནས་སྟངས་རང་སོར་བསྡད་དེ། ཞི་བདེ་ཡག་པོ་ཞིག་ཡོང་བར་འབད་བརྩོན་མ་བྱས་ཚེ་འཛམ་གླིང་ཉེན་ཁའི་ཐོག་ཡོད་པ་ཞིག་རེད།
ཐབས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་རྒྱག་པ་ཡོང་གི་འདུག ང་ཚོའི་ཁྱིམ་མཚེས་ཨབ་གྷ་ནི་སི་ཐན་ནང་དུ་ཁ་ཆེའི་ཆོས་ལུགས་གཅིག་པ་ཡིན་ནའང་། ཞིས་འ་(Shia)དང་། སུན་ནི་(sunni)དབར་རྙོག་དྲ་ཡོང་གི་ཡོད། དེར་བརྟེན། ཆོས་དང་མ་འབྲེལ་བར་མི་ལ་རང་བཞིན་ལྷན་སྐྱེས་ཀྱིས་བརྩེ་བ་ཟེར་བ་ཞིག་ཡོད་པས་དེ་ཡར་རྒྱས་གཏོང་དགོས། ཆོས་དད་ཡོད་ཀྱང་མེད་ཀྱང་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་དང་། བརྩེ་བ་ཡོད་ན་ཡ་རབས་ཡོང་གི་རེད། འཛམ་གླིང་འདིར་དམག་འཁྲུག་འདི་ཙམ་བྱུང་ཞིང་། ནང་འཁྲུག་མང་པོ་བྱུང་གི་ཡོད་པ་ཚང་མ་བརྩེ་བས་ཕོང་པས་རེད། ངོས་རང་ཆོས་པ་ཞིག་རེད། ཡིན་ནའང་། ངོས་ཀྱིས་ཆོས་སྤེལ་གྱི་མེད། ཆོས་ཕྱོགས་ནས་གསུངས་པའི་བརྩེ་བ་ནི་ང་ཚོ་མི་ཚང་མར་ཡོད་པ་ཞིག་རེད། ཆོས་ཡོད་ནའང་རེད། མེད་ནའང་རེད། གང་ལྟར་མི་དང་མིའི་དབར་གྱི་བརྩེ་བ་ནི་ལྷན་སྐྱེས་སུ་ཡོད་པས་ངོས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་ཐོག་ནས་དེ་ལ་ཤུགས་བརྒྱབ་སྟེ་ཡར་རྒྱས་གཏོང་ཐུབ་ན་བསམ་ནས་འབད་བརྩོན་བྱེད་ཀྱི་ཡོད། ཨ་མས་བུ་ལ་བརྩེ་བ་དང་བུས་ཨ་མར་བརྩེ་བ་ཡོད་པས་ང་ཚོས་དེ་ཡར་རྒྱས་སུ་གཏོང་དགོས། དུད་འགྲོ་ཚོར་ཆོས་མེད་ཀྱང་གཅིག་གིས་གཅིག་ལ་བརྩེ་བ་བྱེད་ཐུབ་ཀྱི་འདུག
འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་ཨ་མའི་མངལ་ལས་སྐྱེས་ཤིང་། ཨ་མའི་འོ་མས་གསོས་པ་གཅིག་མཚུངས་རེད། ང་ཚོ་ཚང་མ་ཕྲུ་གུ་ཆུང་ཆུང་སྐབས་ནས་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱས་ཏེ་འགྲོ་གི་ཡོད་པས་རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་དེ་ཡར་རྒྱས་གཏོང་བ་ལས་ཆོས་ཀྱི་སྐད་ཆ་མི་དགོས་པ་བྱེད་རྒྱུར་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། འཛམ་གླིང་འདིར་ཆོས་མི་འདྲ་བའི་ཐོག་ནས་ང་ཚོ་དང་ཁོ་ཚོ་ཟེར་བའི་དབྱེ་འབྱེད་གཏོང་བ་དེའང་མི་དགོས་པ་རེད། ལུང་པ་མི་འདྲ་བའི་ཐོག་ནས་ང་ཚོའི་རྒྱལ་ཁབ་དང་ཁོ་ཚོའི་རྒྱལ་ཁབ་ཟེར་བའི་དབྱེ་བ་དེའང་མི་དགོས་པ་རེད། འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་ཨ་མའི་མངལ་ལས་སྐྱེས་ཤིང་། ཨ་མའི་འོ་མས་གསོས་པ་གཅིག་མཚུངས་ཡིན་པས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཛམ་གླིང་འདིར་བདེ་ཞིང་སྐྱིད་པའི་མི་ཚེ་ཞིག་ང་ཚོས་བསྐྱལ་དགོས།
ང་ཚོ་འཛམ་གླིང་འདིར་མཉམ་དུ་སྡོད་དགོས་པ་དང་། མི་གཅིག་མཚུངས་ལ་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་བ་བྱས་ཏེ་གསོད་རེས་གཏོང་བ་སོགས་ནི་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོ་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་མའི་མངལ་ལས་སྐྱེས་ཤིང་ནུ་ཞོས་གསོས་པའི་བརྩེ་བའི་ཉམས་མྱོང་དེ་འཁྱེར་ནས་སེམས་པ་བཟང་པོ་བྱེད་དགོས། ཕན་ཚུན་ལ་བརྩེ་བ་ཡོད་ན་ཤི་བའི་སྐབས་སུ་ངོ་ཤེས་པ་ཚང་མས་སེམས་ཁྲལ་བྱེད་ཐུབ་པ་ཞིག་ཡོང་གི་རེད། གཞན་ལུང་པ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བའི་ཐོག་ནས་བསམ་བློའི་ནང་ང་ཚོ་དང་ཁོ་ཚོ་ཞེས་མང་པོ་བཤད་ན་ཤི་བའི་སྐབས་སུ་མི་ཁ་ཤས་ཀྱིས་སྟབས་ཡག ཁོ་ཤི་འདུག་ཟེར་ནས་དགའ་བོ་བྱེད་ཀྱི་རེད། ཅེས་དང་།
འཛམ་གླིང་ཤར་ནུབ་ལྷོ་བྱང་གི་མི་ཡོངས་རྫོགས་མ་ཡི་མངལ་ལས་སྐྱེས་ཤིང་། ནུ་ཞོས་གསོས་པ་གཅིག་མཚུངས་ཡིན་པས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་བསམ་བློ་གཏོང་དགོས། མི་གཅིག་མཚུངས་ཀྱི་འདུ་ཤེས་ཡག་པོ་བྱུང་ན་རྒྱལ་ཁབ་དང་ལམ་ལུགས། ཆོས་ལུགས་བཅས་མི་འདྲ་བ་ཡོད་ཀྱང་། དེ་དག་ཚང་མ་མིའི་ཆོས་ལུགས་དང་མིའི་ལུང་པ་ཞེས་མི་གཅིག་གྱུར་གྱི་ཐོག་ནས་འགྲོ་དགོས་པ་དང་། གལ་ཆེ་ཤོས་འཛམ་གླིང་འདིར་མི་ཚང་མ་གཅིག་གྱུར་ཡིན་པའི་བསམ་བློ་གཏོང་དགོས། ང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་ནམ་རྒྱུན་སྨོན་ལམ་རྒྱག་དུས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་ཟེར་གྱི་ཡོད་པ་བཞིན་དེ་ལྟ་བུའི་སྨོན་ལམ་ཁ་ཡོད་ལག་ཡོད་ཀྱི་ཐོག་ལ་འགྲོ་དགོས་པ་ཞིག་ཡིན་པས་འཛམ་གླིང་འདིར་བརྩེ་བའི་བསམ་བློ་མི་ཚང་མར་ཁྱབ་ཐུབ་པ་ཞིག་དང་། ལུང་པ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་ནི་ཕལ་བ་རེད། ངོས་རང་ལ་མཚོན་ན་བོད་པ་རེད། རྒྱ་གར་ལ་བཙན་བྱོལ་དུ་འབྱོར་དུས་མི་ཚང་མ་གཅིག་མཚུངས་རེད་མ་གཏོགས་རྒྱ་གར་ལ་མིག་གསུམ་དང་། མཆེ་བ་མེད། མི་ཁ་ཤས་ལ་སྐྲ་མང་པོ་ཡོད་པ་དང་། ཁ་ཤས་མགོ་དམར། ཁ་ཤས་ཀྱི་སྣ་ཆེ་ཙམ་ཡོད་པ་སོགས་ནི་ཕལ་བ་ཡིན་པས་ཁྱད་པར་གང་ཡང་མེད། མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་རྒྱ་གར་ལ་བཙན་བྱོལ་དུ་སླེབས་སྐབས་སེམས་ལ་མི་གཅིག་པ་རེད་བསམ་པ་མ་གཏོགས། ལུང་པ་ཐ་དད་དང་ཆོས་ལུགས་མི་འདྲ་བ་སོགས་ནི་ཕལ་བ་རེད། ཅེས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པའི་སྐོར་ལ་བཀའ་སློབ་སྩལ་བ་དང་།
གཞན་ཡང་། རྒྱ་ནག་ཏུ་ཆུ་ལོག་སོགས་ཀྱིས་མི་མང་ལ་དཀའ་ངལ་འཕྲད་བཞིན་པ་ལ་གསུང་འཕྲིན་སྩལ་དོན། ང་ཚོ་བོད་པར་མཚོན་ན་རྒྱ་ནག་གུང་ཁྲན་ཏང་གི་དབང་བསྒྱུར་འོག་ནས་དཀའ་ངལ་མང་པོ་འཕྲད་ཀྱང་། དེང་སང་རྒྱ་ནག་ལ་ཆུ་ལོག་དང་གནམ་གཤིས་ཀྱི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་ཡོང་དུས་སེམས་སུ་གང་དྲག་ཅི་དྲག་བསམ་པ་མ་གཏོགས་རྒྱ་མི་ལ་སྡུག་པོ་ཡོང་ན་ཕན་པོ་ཡོང་ས་རེད་བསམ་པ་རྩ་བ་ཉིད་ནས་དྲན་གྱི་མི་འདུག དེ་རིང་གོ་སྐབས་འདི་བཟུང་ནས་རྒྱ་ནག་ལ་ཆུ་ལོག་སོགས་ཀྱི་རྐྱེན་གྱིས་མི་མང་པོར་དཀའ་ངལ་འཕྲད་བཞིན་པ་ལ་དམིགས་བསལ་གྱིས་སེམས་གསོ་བྱེད་ཀྱི་ཡོད། ང་ཚོ་མི་གཅིག་མཚུངས་རེད། ང་ཚོའི་ངོས་ནས་སྨོན་ལམ་རྒྱག་པ་སོགས་གང་ཡོང་དང་། ག་ཚོད་ཐུབ་ཐུབ་ཀྱིས་དཔལ་འབྱོར་གྱི་ཐོག་ནས་ཞལ་འདེབས་ཏོག་ཙམ་ཕུལ་ཐུབ་ན་དགའ་བཞིན་སྤྲོ་བཞིན་དབུལ་རྒྱུ་ཡིན།
སྙིང་རྗེ། རྒྱ་ནག་མི་མང་སྐྱོ་པོ་ཚོར་གནམ་གཤིས་ཀྱི་འགྱུར་བའི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་འདུག དེ་དག་ལ་དམིགས་བསལ་གྱིས་སྨོན་ལམ་ཡོད། ང་ཚོ་རྒྱ་བོད་གཉིས་ལོ་སྟོང་ཕྲག་རིང་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་རེད། བོད་ལ་དཀའ་ངལ་འཕྲད་པ་རེད་དེ། ཆེ་ས་ལ་བསམ་བློ་བཏང་ན་མི་གཅིག་མཚུངས་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་འཛམ་གླིང་དུ་མི་འབོར་ཆེ་ཤོས་ཆགས་ཡོད། དེར་བརྟེན། ཚང་མ་བདེ་ཞིང་སྐྱིད་པ་ཞིག་ཡོང་ན་བསམ་ནས་སྨོན་ལམ་རྒྱག་གི་ཡོད། དཀའ་ངལ་འཕྲད་ཡོད་པ་རྣམས་ལ་དམིགས་བསལ་གྱིས་སེམས་གསོ་གཏོང་གི་ཡོད།
དེ་ནས་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ཁོར་ཡུག་གི་ཐོག་ལ་དོ་སྣང་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ངོས་ཀྱི་གྲོགས་པོ་ཟི་ལིང་ནས་ཡར་མཉམ་དུ་ཡོང་མཁན་ཞིག་ཡོད། ཁོང་ལ་དྭགས་སུ་དང་པོ་སླེབས་སྐབས་བྱེ་མ་ལས་མེད་པའི་ལུང་པ་ཧ་ཅང་སྐྱོ་བོ་ཞིག་མཐོང་ནས་མིག་ཆུ་བཏང་བ་རེད། བར་སྐབས་ལ་དྭགས་ལ་མཚོན་ན་ཤིང་སྣ་འདེབས་འཛུགས་དང་། ཞིང་ཁ་བཟོ་བ་སོགས་བྱས་ཏེ་དངོས་གནས་སྔོ་ལྗང་གི་ལུང་པ་ཞིག་ཆགས་འདུག འགྱུར་བ་སོང་འདུག གླེ་ལ་མཚོན་ན་ཕར་ཕྱོགས་སུ་གངས་རི་ཡང་མཐོང་རྒྱུ་ཡོད་པ་དང་། མཚོ་ཡོད་པ། ལུང་པ་སྔོ་ལྗང་ཡང་ཡིན་པས་རྒྱ་གར་རྒྱ་གདིང་ནང་བཞིན་བཞའ་བརླན་མང་པོ་མེད་པས་ངོས་རང་རྒྱ་གདིང་གི་བཞའ་བརླན་ལ་འཇིགས་ནས་འདིར་ཡོང་གི་ཡོད། ཧ་ཅང་སྐྱིད་པོ་འདུག འབྱུང་བར་འགྱུར་བ་འགྲོ་བཞིན་འདུག ལུང་པ་སྔོ་ལྗང་ཞིག་ལ་འབད་བརྩོན་བྱས་ཏེ་འགྱུར་ཡོད་པ་དེ་ལྟར་རེད། རང་བཞིན་གྱི་འབྱུང་བ་ལ་གནམ་གཤིས་སྐམ་པོ་དང་། དྲོ་གྲང་སྙོམས་པོ་རེད། རྒྱ་གར་རྒྱ་གདིང་དུ་ཧ་ཅང་བརློན་པ་དང་། ཆར་བ་ཤུགས་ཆེར་འབབ་པས་མ་སྐྱིད་པ་བྱས་ཏེ་ལ་དྭགས་སུ་སྐྱབས་བཅོལ་བར་ཡོང་བ་རེད། ཁྱོད་ཚོ་ལ་དྭགས་ཀྱི་གྲོགས་པོ་ཚང་མ་བརྩེ་དུང་གི་བསམ་བློ་ཤུགས་ཆེན་པོ་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས་དྲི་བ་ཁག་ཅིག་ལ་བཀའ་ལན་དང་། མི་མང་བརྒྱ་ཕྲག་ལྔ་མ་ཟིན་ཙམ་ལ་མཇལ་ཁ་སྩལ་ཡོད་པ་བཅས།།