༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ལམ་སྒྲོན་དཔེ་གསར་སློབ་གྲྭ་རུ་ཆིབས་བསྒྱུར་གྱིས། ལམ་སྒྲོན་ལྔ་བཅུའི་དུས་དྲན་དང་ལམ་སྒྲོན་དབྱར་ཆོས་ཆེན་མོར་འཇམ་དབྱངས་བསྟོད་པ་གང་བློ་མ་དང་། བློ་སྦྱོང་ཚིགས་བརྒྱད་མ་གཉིས་ཀྱི་བཤད་ལུང་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༧།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལམ་སྒྲོན་དཔེ་གསར་སློབ་གྲྭར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མི་མང་གིས་རང་ལུགས་ན་བཟའ་རྒྱན་སྤྲས་ཀྱིས་མེ་ཏོག་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ལམ་སྒྲོན་སློབ་གྲྭའི་རྩེད་ཐང་གི་སྡིངས་ཆར་༸ཞབས་སོར་འཁོད་སྐབས་ཐོག་མར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མདུན་དུ་མཆོད་མེ་ཞལ་འབྱེད་དང་རབ་གནས་མཛད་པ་དང་། དེ་ནས་༸གོང་ས་ཏཱ་ལའི་བླ་མ་བཅུ་བཞི་པ་ཆེན་པོའི་རྩེད་ཐང་ཞེས་པ་དང་། ལམ་སྒྲོན་གཞི་རིམ་འོག་མའི་ཀམ་པུ་ཊར་ལས་ཁང་དབུ་འབྱེད་མཛད་ཅིང་། བཞུགས་ཁྲིར་འཁོད་མཚམས་སློབ་གྲྭའི་དབུ་འཛིན་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སློབ་གྲྭའི་མགོ་ལས་ཁག་ཅིག་གིས་མཇལ་ཁ་དང་འབྲེལ་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་རྟགས་གསལ་གཟིགས་འབུལ། ལམ་སྒྲོན་གླུ་དབྱངས་གཟིགས་འབུལ་བཅས་བྱས་མཚམས་ལམ་སྒྲོན་བུ་མོའི་སྤྱི་ཁྱབ་རྒན་བདག་ཚེ་རིང་དབང་མོ་དང་། ལམ་སྒྲོན་བུའི་སྤྱི་ཁྱབ་རྒན་བདག་ངག་དབང་རྣམ་རྒྱལ་གཉིས་ཀྱིས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཕེབས་བསུ་གསུང་བཤད་གནང་བ་དང་། དེ་རྗེས་ལམ་སྒྲོན་སློབ་གྲྭའི་དབུ་འཛིན་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ཆོས་གྲོགས་རྣམ་པ་ལྷན་རྒྱས། རྒན་གཞོན་ཕོ་མོ་དབྱེ་བ་མེད་པར་ཚང་མ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། གཙོ་བོ་སངས་རྒྱས་ཀྱི་བསྟན་པའི་དོན་དུ་སྙིང་ཁུངས་རུས་པའི་གཏིང་ནས་དགའ་དད་སྤྲོ་གསུམ་བྱེད་བཞིན་ཡོད་པ་རེད། དེ་དང་འབྲེལ་ནས་དེ་རིང་ངོས་འདིར་ཡོང་བའི་སྐབས་སུ་ཁྱོད་ཚོ་ཚང་མས་སྙིང་ཁུངས་རུས་པའི་གཏིང་ནས་དགའ་དད་སྤྲོ་གསུམ་བྱས་ཏེ་དགའ་བསུ་གནང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར། དེ་སང་འཛམ་གླིང་འདིར་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུའི་ནང་དུའང་དོ་སྣང་གསར་པ་ཞིག་སླེབས་པ་དང་། ཚན་རིག་པ་ཁ་ཤས་ཀྱིས་ཀྱང་དོ་སྣང་གིས་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་སུ་དོ་སྣང་གསར་པ་ཞིག་སླེབས་ཡོད། དེ་སྔ་སངས་རྒྱས་པའི་ཆོས་དར་ཞིང་རྒྱས་པའི་ཡུལ་གྲུ་རུའང་ཕྱིའི་དངོས་པོ་ཡར་རྒྱས་ཡོད་པ་གཅིག་པུས་སེམས་ཀྱི་ཞི་བདེ་ཡོང་ཐབས་མེད་པ་མཐོས་ཆོས་སུ་ཡོད་པ་དེ་ལྟ་བུའི་ཐོག་ནས་དོ་སྣང་གསར་པ་སླེབས་ཀྱི་ཡོད། ངོས་ལ་མཚོན་ན་མི་ཚེ་འདིར་རྐྱེན་ངན་མང་པོ་ཞིག་དང་འཕྲད་ཡོད། དཀའ་ངལ་མང་པོ་འཕྲད་སྐབས་སེམས་ལ་ཞུམ་པ་མི་ཡོང་བ་དང་། དཀའ་ངལ་བཟོ་མཁན་ཚོ་ལའང་མཐའ་གཅིག་ཏུ་བརྩེ་བའི་བསམ་པ་མ་གཏོགས་ཁོང་ཁྲོའི་བློ་མ་ཡོང་བ་ཞིག་གི་ཐོག་ནས་ལོ་དགུ་བཅུ་མ་ཟིན་ཙམ་གྱི་རིང་ལ། སེམས་ཀྱི་ཞི་བདེ་མ་བརླག་པ་ཞིག་དང་། སེམས་ཤུགས་མ་ཉམས་པ་ཞིག། མདོར་ན། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་སྨོན་ལམ་བཞིན་གཞན་ཕན་གྱི་བློ་དུས་ནམ་ཡང་ལྷོད་གཡེང་དང་ཉམས་པ་མེད་པར་བསྡད་པ་ཡིན། དེར་བརྟེན། སངས་རྒྱས་པའི་ཆོས་ཀྱིས་སེམས་ཀྱི་ཞི་བདེ་གནས་པ་ཙམ་དུ་མ་ཟད་གཞན་ལ་ཕན་བདེ་སྒྲུབ་པའི་སེམས་ཤུགས་ཉམས་པ་མེད་པར་གནས་ཐུབ་པ་བྱུང་སོང་།
སྐབས་སུ་བབ་པ་ས་ཁུལ་འདི་ཡི་མི་མང་ལ་མཚོན་ན་དངོས་གནས་སངས་རྒྱས་པའི་ཆོས་ལ་སྙིང་ཐག་པ་ནས་དགའ་མོས་བྱེད་བཞིན་ཡོད་པ་རེད། ལ་དྭགས་ཀྱིས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚང་མར་འགལ་རྐྱེན་ཅི་ཙམ་འཕྲད་པ་དེའི་ཚོད་ཀྱིས་སྙིང་སྟོབས་ཇེ་ཆེར་ཕྱིན་ཏེ། དཔེར་ན། བོད་ནང་གི་རྒྱ་ཆེའི་མི་མང་ལ་རྒྱ་མི་གུང་ཁྲན་ཏང་གིས་ཆོས་ནི་དུག་ལ་བལྟས་ཏེ་སློབ་གསོ་སྤྲོད་པ་དང་། ཐབས་ཤེས་སྒོ་གང་ས་ནས་ཆོས་དད་མེད་པ་བཟོ་བའི་འབད་བརྩོན་རབ་དང་རིམ་པར་བྱས་ཀྱང་། བོད་རྒྱ་ཆེའི་མི་མང་གིས་སངས་རྒྱས་ཀྱི་བསྟན་པ་ལ་དགའ་ཞེན་དང་། དད་མོས་བྱེད་པ་ལ་འགྱུར་བ་ཁྱོན་ནས་མེད་པར། འགལ་རྐྱེན་ཅི་ཙམ་ཆེ་བའི་ཚོད་ཀྱིས་དད་མོས་ཤུགས་ཆེ་རུ་འགྲོ་སྡོད་པ་ཞིག་ཡོང་གི་འདུག ཧི་མ་ལ་ཡའི་རི་རྒྱུད་དུ་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་རྒྱ་ཆེའི་མི་མང་རྣམས་འཕགས་པ་སྤྱན་རས་གཟིགས་ལ་མོས་གུས་དད་པ་རྩེ་གཅིག་པའི་ཐོག་ནས་སོ་སོའི་ཆོས་དད་ཀྱི་གོམས་གཤིས་འགྱུར་བ་མེད་པར་བསྡད་པ་རེད། ཅེས་སོགས་རྒྱ་མི་གུང་ཁྲན་གྱིས་བོད་མིའི་ཆོས་དད་ཀྱི་སེམས་ཁམས་བསྒྱུར་ཐུབ་ཀྱི་མེད་པ་མ་ཟད། གུང་ཁྲན་ཏན་ཡོན་ཚོའི་ནང་དུའང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་དང་། སེམས་ཁམས་རིག་པ་བ་དང་ཚན་རིག་པ་སོགས་མང་པོས་ནང་པའི་ཆོས་ནི་སེམས་ཀྱི་ཞི་བདེ་དང་འབྲེལ་བ་ཡོད་པས་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་སྐོར་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་མཁན་ཆེན་ཞི་བ་འཚོའི་ལམ་སྟོན་ལྟར་བཀའ་བསྟན་བོད་བསྒྱུར་དང་། བོད་ལ་དབུ་ཚད་ཟུང་འབྲེལ་གྱིས་དཔྱད་པ་བྱེད་པའི་ལམ་སྲོལ་བཟང་པོ་ཡོད་སྐོར་སོགས་བཀའ་སྩལ་བ་དང་།
གཞན་ཡང་། མདོ་དོན་སེམས་ཞི་བདེ་བྱུང་ན་བདེ་སྐྱིད་ཡོང་ཐུབ། གུང་ཁྲན་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱིས་ཕྱི་ལོག་ནས་སྒྲིག་ཁྲིམས་ཀྱིས་དམ་པོ་བྱས་ཏེ་ཡོང་ཐབས་མེད། སེམས་ལ་ཞི་བདེ་དང་། སྙིང་རྗེ། གཞན་ཕན་གྱི་བློ་ཡག་པོ་བྱུང་བ་ཡིན་ན། གུང་ཁྲན་ཏང་གི་དམིགས་ཡུལ་ལྟར་སྤྱི་ཚོགས་སམ་དབུལ་ཕོངས་ཉམ་ཐག་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཏན་ཏན་ཡོང་བ་རེད། དེར་བརྟེན། ངོས་ཀྱིས་མཚམས་དང་མཚམས་སུ་མའོ་ཙེ་ཏུང་ད་ལྟ་ཡོད་པ་ཡིན་ན་ཕལ་ཆེར་ནང་པ་ཆགས་མི་ཡོང་ངམ་བསམ་གྱི་འདུག གང་ལྟར་ང་ཚོས་ཆོས་ཕྱོགས་ནས་བསམ་བློ་གཏོང་སྟངས་ནི་ཧ་ཅང་ཟབ་མོ་རེད། ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་གྱི་བསམ་བློ་གཏོང་དུས་རང་གཅིག་པུར་བདེ་བ་སྒྲུབ་པའི་སྐད་ཆ་མིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དང་། དེའི་ནང་ཚན་ནས་འཛམ་གླིང་འདིའི་སྟེང་གི་སེམས་ཅན། བྱེ་བྲག་ཏུ་ངལ་རྩོལ་མི་མང་གི་སྡུག་བསྔལ་ཇེ་ཉུང་དུ་འགྲོ་བ་དང་། བདེ་སྐྱིད་གོང་ནས་གོང་དུ་འཕེལ་བར་བསམ་བློ་གཏོང་སྐབས། ད་ལྟ་མའོ་ཙེ་ཏུང་ཡོད་པ་ཡིན་ན་འདི་མ་རེད་ཟེར་བ་མི་འདུག་ཨང་བསམ་པ་ཏན་ཏན་ཡོང་གི་རེད། ཅེས་སོགས་དང་། ནང་པའི་རྗེས་འཇུག་ཚོས་ངུར་སྨྲིག་འཆང་བ་ཙམ་མིན་པར་ནང་པའི་གཞུང་ལ་སློབ་གཉེར་བྱེད་དགོས་པའི་སྐོར་བཀའ་སྩལ་བ་དང་།
བོད་གངས་ཅན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚང་མ་མ་ཎི་བགྲང་མཁན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་རེད། སྙིང་རྗེའི་བློ་ཉམས་པ་མེད་པར་ཀུན་ལ་ཁྱབ་ཐུབ་མཁན་ཡག་པོ་ཞིག་ཡོང་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཤེས་རབ་ཀྱི་གྲོགས་བྱེད་དགོས། ཞེས་སོགས་བཀའ་སློབ་དང་འབྲེལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མའི་བཤད་ལུང་བཀའ་དྲིན་སྩལ་ཞིང་། ཨ་ར་པ་ཙ་ཕྲེང་སྐོར་གཅིག་གྲངས་གསོག་མཛད་དེ་མུ་མཐུད་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་བཀའ་དྲིན་སྩལ་རྗེས་བཀའ་སློབ་སྩལ་དོན།
གླང་ཐང་ཚིགས་བརྒྱད་འདི་ཧ་ཅང་ཟབ་མོ་འདུག ངོས་ཀྱིས་ཉིན་རྒྱུན་འདོན་བཞིན་ཡོད། དགེ་བཤེས་གླང་རི་ཐང་པ་ཞེས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཁོང་གིས་མཛད་པ་རེད། གླང་ཐང་ཚིགས་བརྒྱད་འདིའི་ཐོག་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་། དེ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་། དེ་ལྟར་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བ་སྒོམ་ཡོང་དུས། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་རིམ་པར་འགྲོ་བ་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐིག་པ་དང་། གདེང་འཁེལ་བ་ཞིག་ཆགས་ཀྱི་འདུག དེར་བརྟེན། ཚང་མས་དགོངས་པར་བཅངས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ཁ་ཙམ་ཚིག་ཙམ་ལ་མ་ལུས་པར་ལག་ལེན་ངོ་མའི་ཐོག་ནས་སངས་རྒྱས་ཀྱི་སྐུ་གསུམ་གྱི་གོ་འཕང་། གཞན་དོན་གཟུགས་སྐུ་དང་། རང་དོན་ཆོས་སྐུ་སྟེ་ཆོས་གཟུགས་ཀྱི་སྐུ་གཉིས་པོ་དེ་ཟུང་དུ་འབྲེལ་བའི་གོ་འཕང་མངོན་དུ་བྱས་ཏེ། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་བསམ་བློ་བཏང་ཡོང་བ་ཡིན་ན་འཕྲལ་དུ་སེམས་ཞི་ལྷོད་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གྲུང་རིག་རིག་སྡོད་པ་ཞིག་དང་། དེས་ཚེ་རབས་གཅིག་མ་ཡིན་པར་ཚེ་རབས་ནས་ཚེ་རབས་སུ་འགྱུར་བ་མེད་པར་འགྲོ་བ་ཞིག་རེད། ངོས་རང་ལ་མཚོན་ན་སྦྱོར་ལམ་གྱི་རྟོགས་པ་ཞིག་བརྙེས་མི་ཡོང་ངམ་བསམ་པའི་རེ་བ་རྒྱག་བཞིན་ཡོད། ས་བཞི་རིམ་གྱིས་བགྲོད་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་པའི་སྨོན་ལམ་རྒྱག་གི་ཡོད།
དེ་རིང་ལམ་སྒྲོན་ཚོགས་པས་གོ་སྒྲིག་བྱས་པ་ལྟར་འདིར་ང་ཚོ་རུག་རུག་བྱས་ཤིང་། སངས་རྒྱས་པའི་ཆོས་ངོ་སྤྲོད་དང་འབྲེལ་བའི་བློ་སྦྱོང་གླང་ཐང་ཚིགས་བརྒྱད་མ་དང་འཇམ་དབྱངས་བསྟོད་པ་གང་བློ་མའི་བཤད་ལུང་ལེགས་པར་ཕུལ་ཟིན་པ་རེད། གང་ལྟར་ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཚན་ཤས་སུ་མི་འགྲོ་བ་དང་། བཅོམ་ལྡན་འདས་ཀྱི་ཞབས་མ་འདྲེན་པ་ཞིག་བྱེད་དགོས། ཏོག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་རེད། ཉེ་སྔོན་ངོས་རང་དེར་མཆོད་མཇལ་དུ་ཕྱིན་པ་ཡིན། སྨོན་ལམ་ཟབ་མོ་བརྒྱབ་པ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱི་མཚན་ཤས་སུ་མི་འགྲོ་བ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པར་གང་ཡོད་པ་སྒྲུབ་ཐུབ་པ་ཞིག་བྱ་རྒྱུ་ཡིན་ཞེས་སེམས་ཤུགས་བསྐྱེད་དེ་མཆོད་མཇལ་ཞུས་པ་ཡིན། ང་ཚོ་ཚང་མ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་རེད། རྩ་བས་ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཚང་མ་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་སྙིང་རྗེ་དང་བྱམས་བརྩེ་གསུང་གི་ཡོད། ཧ་ཅང་རྩ་ཆེན་པོ་རེད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ལ་ལྟ་གྲུབ་ཀྱི་ཐོག་ནས་ཧ་ཅང་རྒྱ་ཆེན་གཏིང་ཟབ་ཅིག་ཡོད་པས་ང་ཚོའི་ཁ་ཆེའི་གྲོགས་པོ་ཚོར་མཚོན་ནའང་། ནང་པའི་གཞུང་གི་ནང་ནས་སེམས་རྒྱུད་བཟང་པོའི་འགྲོ་སྟངས་ལ་དོ་སྣང་དང་། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཨེ་ལར་དད་པ་བྱེད་པ་དང་ཆབས་ཅིག་སངས་རྒྱས་པའི་གཞུང་ནས་གསུངས་བའི་བྱང་ཆུབ་ཀྱི་སེམས་ལས་ཏོག་ཙམ་ལག་ཆ་བླངས་ནས་བསམ་བློ་གཏོང་ཐུབ་ན་ཡག་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཡོད་པའི་དེ་སྔའི་ཆོས་དགེའི་མིང་ལྟ་གྲུབ་དགེ་རྒན་ཏུ་འགྱུར་བ་བཏང་བའི་སྔ་ཕྱིའི་གནས་ཚུལ་བཀའ་གནང་བ་དང་། མཐར་ལ་དྭགས་མི་མང་གིས་སྲོལ་རྒྱུན་གླུ་གར་གྱི་རིག་གནས་ལས་ཞབས་བྲོ་ཁག་ཅིག་གཟིགས་འབུལ་ཞུས་ཤིང་། མཐར་ལམ་སྒྲོན་སློབ་གྲྭའི་སློབ་སྤྱི་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་རིམ་ལེགས་པར་གྲུབ་སྟེ། ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།