༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་རུ་གནས་སྡོད་ལྷ་སའི་ཁ་ཆེ་ཁག་ཅིག་ལ་ཞི་བའི་ཚལ་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཞོགས་པ་ཆུ་ཚོད་བརྒྱད་པ་མ་ཟིིན་ཙམ་ནས་རྒྱ་གར་བ་དང་། ཨ་རི་དང་ཧྥ་རན་སི། རཱ་ཤི་ཡ། ཡུ་ཁུ་རན་སོགས་རྒྱལ་ཁབ་མ་འདྲ་བའི་མི་སྣ་དང་། ལ་དྭགས་པ། བོད་རིགས། གཞན་ཡང་ལྷ་སའི་ཁ་ཆེའི་ཆོས་ལུགས་པ་སོགས་མི་གྲངས་ལྔ་བརྒྱ་བརྒལ་བར་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ལྷ་སའི་ཁ་ཆེ་བ་ཉི་ཤུ་རྩ་གྲངས་ལ་བཀའ་སློབ་སྩལ་དོན།
ང་ཚོའི་ལྷ་སའི་ཁ་ཆེ་བ་ཚོ་བོད་གཞུང་གི་མཛད་སྒོ་ཚང་མར་ཡོང་གི་རེད། བོད་པ་རང་ཆགས་ནས་ལོ་གསར་གྱི་མཛད་སྒོ་སོགས་མཛད་སྒོ་གལ་ཆེན་ཚང་མར་གཞུང་འབྲེལ་རང་བྱས་ཏེ་ཡོང་གི་རེད། ལྷ་སའི་ཁ་ཆེ་ཚོ་རྒྱ་གར་དུ་ཚོང་ལ་འགྲོ་གི་ཡོད་པས་བོད་ཀྱི་བླ་མ་དགེ་བཤེས་དེ་འདྲས་རྒྱ་གར་གྱི་གནས་ཚུལ་ཤེས་པའི་ཆེད་དུ་ཁ་ཆེའི་ཚོང་ཁང་དུ་ཕྱིན་ནས་དེང་སང་རྒྱ་གར་དུ་གནས་ཚུལ་ག་རེ་འདུག བདག་ཉིད་ཆེན་པོ་གྷན་དྷེའི་གནས་ཚུལ་ག་རེ་འདུག་ཅེས་འདྲི་གི་ཡོད། ཁ་ཆེའི་གྲོགས་པོ་ཚོ་ཚོང་པ་བྱས་ཏེ་རྒྱ་གར་ལ་འགྲོ་གི་ཡོད་པས་རྒྱ་གར་གྱི་གནས་ཚུལ་བཤད་མཁན་ཁ་ཆེའི་གྲོགས་པོ་ཚོ་རེད། གང་ལྟར་ཁ་ཆེ་ཚོར་ང་ཚོ་ཧ་ཅང་འཆམ་པོ་ཡོད་པ་རེད།
དེ་རིང་འདིར་ཁྱོད་ཚོ་ལྷ་སའི་ཁ་ཆེའི་ཚོ་ཁག་ཅིག་ལ་ཐུག་པ་རེད། ཁྱོད་ཚོ་ཚང་མར་འཚམ་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། ཁ་ཆེའི་གྲོགས་པོ་ཚོ་དང་ང་ཚོ་ལོ་མང་པོའི་རིང་དུ་བོད་གཞུང་གི་མི་རང་བྱས་ཏེ་ཧ་ཅང་སེམས་ཐག་ཉེ་བོ་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ཟི་ལིང་ནས་ཡོང་བ་རེད། ཟི་ལིང་གི་དཔོན་པོ་མཱ་ཀྲུའུ་ཞི་རེད། མཱ་པུའུ་ཧྥང་རེད། གལ་ཆེ་བ་གཅིག་ནི་ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་པོ་བྱས་ཏེ་འཛམ་གླིང་ཞི་བདེ་སྒྲུབ་པ་ཞིག་དང་། སྐབས་རེར་ཆོས་རྒྱུ་མཚན་དུ་བྱས་ནས་དཔེར་ན། ཁ་ཆེའི་ཆོས་ལུགས་ཀྱི་ནང་དུ་ཞིས་འ་(Shia)དང་སུན་ནི་(sunni)དབར་རྙོག་དྲ་ཡོང་གི་ཡོད། ང་ཚོ་ཆོས་པ་ཚོས་དངོས་གནས་འཛམ་གླིང་ཞི་བདེ་ཡོང་བར་གདུང་ཤུགས་གཅིག་སྒྲིལ་བྱས་ཏེ། ངོས་རང་ལ་མཚོན་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པ་རེད། ལྷག་དོན་ཁྱོད་ཚོ་ལྷ་སའི་ཁ་ཆེ་ཆགས་ཡོད། དེ་རིང་འདིར་ཁྱོད་ཚོ་ལྷ་སའི་ཁ་ཆེ་རུབ་རུབ་བྱས་ནས་ཐུག་པ་རེད། ཧ་ཅང་དགའ་བོ་བྱུང་། ཁྱོད་ཚོ་ཚང་མར་དམིགས་བསལ་གྱིས་འཚམ་འདྲི་ཡོད།
གང་ལྟར་ང་ཚོ་བོད་པ་གཅིག་པ་རེད། ང་ཚོས་བོད་རང་བཙན་བཤད་ཀྱི་མེད། བོད་རང་སྐྱོང་ཡག་པོ་ཞིག་དགོས་ཀྱི་འདུག་ཅེས་ངོས་ཀྱིས་བཤད་ཀྱི་ཡོད། བོད་རང་སྐྱོང་དེ་ཡང་། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཞིག་དགོས་ཀྱི་འདུག་ཅེས་ངོས་ཀྱིས་འདི་བཤད་ཀྱི་ཡོད། ང་ཚོས་རང་བཙན་གྱི་སྐད་ཆ་བཤད་ཀྱི་མིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་རང་སྐྱོང་མི་དོན་མཚུངས་པ་ཞིག་དང་། རང་སྐྱོང་དེ་ཡང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཚང་མར་གཅིག་གྱུར་གྱི་རང་སྐྱོང་ཡག་པོ་ཞིག་བྱུང་ན་ཞེས་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད།
བོད་ནང་གི་མི་མང་ཆོས་ལུགས་འདྲ་མི་འདྲ་ཡོད་པ། ཆོས་དད་མེད་མཁན་ཚོ་ཚང་མ་མི་རིགས་ཀྱི་རིག་གཞུང་སོགས་ལ་སེམས་ཤུགས་ཧ་ཅང་ཆེན་པོ་རེད། ངོས་ཀྱིས་འདིར་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་གཞི་ལ་བཞག་ནས་བོད་ལ་རང་སྐྱོང་མི་དོན་མཚུངས་པ་ཞིག་དང་། དེ་ཡང་ཆོལ་ཁ་གསུམ་ཚང་མར་གཅིག་གྱུར་གྱི་རང་སྐྱོང་ཡག་པོ་ཞིག་དགོས་ཀྱི་འདུག་ཅེས་འདི་བཤད་ཀྱི་ཡོད། རང་སྐྱོང་ཟེར་བ་ནི་བོད་རང་གི་རང་ཉིད་ཀྱི་ཆོས་དད་དེ་འདྲ་ཞིག་ཡོད་པ་དེ་དག་ང་ཚོས་ཉར་ཚགས་བྱེད། མཁྱེན་སོང་ངམ། བོད་ལ་ཤུགས་ཆེ་བ་དེ་ནང་པ་རེད། དེའི་ནང་ཚན་ནས་ང་ཚོའི་ནང་པ་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཆགས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་འདི་རིགས་པས་ཐོག་ནས་བསམ་བློ་གཏོང་བ་ཞིག་ཡིན་པས་དེང་སང་ཚན་རིག་པ་མང་པོས་དགའ་བོ་བྱེད་ཀྱི་འདུག ཆོས་དད་མེད་ནའང་སེམས་ཁམས་རིག་པའི་ཐོག་ནས་དོ་སྣང་བྱས་ཏེ་ངོས་ལ་ཐུག་འཕྲད་དུ་ཡོང་མཁན་མང་པོ་འདུག ནང་པ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་མ་རེད། སེམས་ཀྱི་འགྲོ་སྟངས་ཐོག་ལ་དོ་སྣང་བྱས་ཏེ་ངོས་ལ་སྐད་ཆ་འདྲི་གི་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་འདི། ཕལ་ཆེར་རྒྱ་ནག་གཙོ་བོར་གྱུར་པའི་རིམ་བཞིན་འཛམ་གླིང་ཡུལ་གྲུ་མང་པོ་དང་། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་བོད་ཀྱི་སེམས་ཁམས་རིག་པའི་ཐོག་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག དེ་དག་གིས་ནང་པ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་མ་རེད། སེམས་ཁམས་རིག་པའི་གྲས་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད།
བོད་གངས་ཅན་གྱི་ལྗོངས་ལ་རིས་སུ་མ་ཆད་པའི་ཆོས་སྡེ་ཁྱོད་ཚོ་བྷ་ཡེ་ལ་ཚོ་ང་ཚོ་གཅིག་གྱུར་ཆགས་ཡོད། ཁྱོད་ཚོས་ཧུར་ཐག་བྱེད་རོགས། ངོས་རང་ཆུང་ཆུང་སྐབས་རྩེད་མོ་རྩེ་རོགས་ཁ་ཆེ་དེ་འདྲ་ཡོད། མཉམ་དུ་རྩེད་མོ་མང་པོ་རྩེ་ཡི་ཡོད། ཁྱོད་ཚོར་དམིགས་བསལ་གྱིས་འཚམ་འདྲི་ཞུ་གི་ཡོད། དེ་རིང་ཐུག་ནས་ཧ་ཅང་དགའ་བོ་བྱུང་། ཁྱོད་ཚོ་ཚང་མས་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་སེམས་ལ་བཅིངས་ནས་སྡོད་ཀྱི་ཡོད། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་སྐུ་པར་ལྷན་སྒྲོན་གནང་ཡོད།