༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་ས་ཊོན་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ལ་དྭགས་དང་བྱང་ཕྱོགས་ས་ཁྲིམས་ཞིབ་པ་གཅིག་ལྕོགས་པདྨ་བཟང་པོ་ལགས་ནས་ས་འཐུས་སྐབས་ ༩ པའི་ཚོགས་མི་གསར་འདེམས་གྲངས་ ༧ ཆ་ཚང་དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཀུན་དགའ་ཚེ་འཕེལ་ལགས་དང་ཚོགས་གཞོན་བཀྲིས་ལྷ་མོ་ལགས་གཉིས་བདམས་ཐོན་གྱིས་ཚོགས་མི་རྣམ་པས་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས། རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་གྱིས་ས་འཐུས་དམ་འབུལ་ལེགས་གྲུབ་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཀྱི་ཉིན་རྒྱབ་ཚོུད་ ༢ པའི་ཐོག་ཁུལ་དེའི་གཞིས་སྡོད་མི་མང་ ༢༥ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འཕེལ་རིམ། ངོ་བོ་དང་འགན་དབང་། གྲུབ་ཆ། ཁྲིམས་ཡིག་ཁག་གསུམ་གྱི་ནང་དོན་ངོ་སྤྲོད། ལྷག་པར་དུ་སྤྱི་མང་ཁྲིམས་ཡིག་གི་ནང་ནས། ས་གནས་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་དང། ཁྲིམས་ཞིབ་བྱ་རྒྱུའི་གཞི་རྩའི་ཆ་རྐྱེན། གྱོད་ཡ་འཐུས་མི་དང་། ངོ་ཚབ། ཁྲིམས་རྩོད་པ་བཅས་བསྐོ་གཞག་བྱེད་ཕྱོགས། ཁ་མཆུ་ཞུ་གཏུག་བྱེད་ཕྱོགས། ཞུ་སྦྱོར་བ་དང་རྩོད་ལན་པ་སོ་སོའི་ཕུལ་དགོས་པའི་ཡིག་ཆ་ཁག་དང་ཞུ་སྙན་ནང་འགོད་དགོས་པའི་དོན་གནད། ཉན་ཞིབ་ཀྱི་བྱ་རིམ། བཅད་ཁྲ་གཏོང་ཕྱོགས། བཅོས་གསོའི་ཐབས་ལམ་ཇི་ཡོད། དེ་བཞིན་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ས་ཁོངས་ཁྱབ་ཚད་དང་། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་སྐོར་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་བཅས།།