༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་ཀྱི་རིང་རྡོར་གླིང་ས་གནས་འགོ་འཛིན་གསར་རྙིང་དབར་ལས་འཁུར་རྩིས་སྤྲོད་རྩིས་ལེན་གནང་བ་དང་། སྤྲོད་དཔང་དུ་ནང་སྲིད་སྐུ་ཚབ་ཀ་སྦུག་ས་གནས་འགོ་འཛིན་ཕེབས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༦ ཉིན་དང་པོར་སྤྲོད་དཔང་ཀ་སྦུག་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་གཙོ་ཞུགས་ཐོག་རྡོར་གླིང་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། ས་གནས་འགོ་འཛིན་གསར་པ་འདན་མ་ཚང་པདྨ་ཚེ་རིང་ལགས་གཉིས་དབར་ལས་ཁུངས་ཀྱི་ཡིག་ཕེལ་ཁག་དང་། འཛིན་ཆས་སོགས་རྩིས་སྤྲོད་རྩིས་ལེན་གནང་བ་དང་། ཉིན་རྒྱབ་ཏུ་འཇམ་དབྱངས་རིག་གཞུང་གཅེས་འཛིན་ཁང་ (Manjushree Center of Tibetan Culture) གི་ཚོགས་ཁང་དུ་ད་ལྟ་ལས་ཁུངས་དང་སྤྱི་ཁང་སོགས་ཚུད་པའི་ཐོག་རྩེགས་ལྔ་ཅན་གྱི་ཁང་པ་གསར་རྒྱག་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་ཨར་ལས་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་ལས་གཞི་ངོ་སྤྲོད་དང་སྦྲགས། ལས་གཞི་བྱ་ཡུལ་དུ་དངོས་སུ་གཟིགས་སྐོར་དང་། དེ་བཞིན་རང་འཚོ་བཟོ་གྲྭའི་ལས་གཞི་འགྲོ་མུས་ལའང་གཟིགས་སྐོར་གནང་།
ཕྱི་ཚེས་ ༡༧ ཉིན་སྟེ་ཉིན་གཉིས་པར་སྔ་དྲོའི་རིང་རྡོར་གླིང་སྃ་བྷོ་ཊ་གཏན་སློབ་ཀྱི་དཔེ་མཛོད་ཁང་དུ་ས་འགོ་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་གནང་། སྐབས་དེར་ནང་སྲིད་སྐུ་ཚབ་ཀ་སྦུག་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་འགྱུར་མེད་ལགས། གཞན་ཡང་གཞུང་དང་གཞུང་ཁོངས་མིན་པའི་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་ཕེབས་ཞུགས་ཐོག་ཞབས་སྟེགས་བརྗེ་ལེན་དང་ལས་དམ་རྩིས་འབུལ་གྱི་མཛད་སྒོ་ཚོགས།
དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་ས་གནས་མི་མང་ཚོགས་བསྐོང་གིས་ས་འགོ་གསར་པ་ངོ་སྤྲོད་ཀྱི་མཛད་སྒོ་ལེགས་པར་གྲུབ་ཡོད། ལྷག་པར་དེ་ཉིན་ཉིན་རྒྱབ་ཏུ་ས་གནས་འགོ་འཛིན་གསར་རྙིང་གཉིས་དང་། སྤྲོད་དཔང་ནང་སྲིད་སྐུ་ཚབ་མཆོག རྡོར་གླིང་ས་འགོ་ལས་ཁུངས་ཀྱི་རྩིས་པ། དེ་བཞིན་ལྷག་བསམ་ཆེན་པོས་དང་བླངས་སྒོ་ནས་ཨར་པོའི་ལས་གཞིར་ལམ་སྟོན་དང་རམ་འདེགས་གནང་མཁན་ཁྱད་ལས་པ་རྒྱ་གར་མངའ་སྡེ་གཞུང་གི་ལས་བྱེད་དང་བོད་མི་ན་གཞོན་བཀྲ་ཤིས་ཚེ་རིང་ལགས་བཅས་བླ་མ་ཧ་ཊ་ས་གནས་སུ་ཆེད་བསྐྱོད་ཀྱིས་ས་གནས་འགོ་འཛིན་གསར་པར་བླ་མ་ཧ་ཊ་ས་ཆ་ངོ་སྤྲོད་དང་། དེར་སྡོད་བོད་མི་ཁྱིམ་ཚང་གཅིག་ཡོད་པ་དེའི་ནང་མི་རྣམས་ཐུག་འཕྲད་གནང་། གཞན་ཡང་མན་ཇུ་ཤྲི་འོག་ཐོག་གི་གནས་སྟངས་ལ་གཟིགས་ཞིབ་བཅས་གནང་སྟེ་རྡོར་གླིང་ས་གནས་འགོ་འཛིན་གསར་རྙིང་དབར་ལས་འཁུར་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཁག་ལེགས་པར་གྲུབ་ཡོད་པ་བཅས།།