༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༣༠ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྡོ་རྗེ་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་རྡོར་གླིང་ཁུལ་གྱི་ས་གནས་མི་མང་བོད་མི་ལྷན་ཚོགས་འདུ་བསྐོང་ཚོགས་ཀྱིས་རྡོར་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད།
དེ་ཡང་ཚོགས་འདུའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་སྦྲེལ་ཚོགས་གཙོ་སུ་རེནྡྲ་ཀུ་མཱར་ (Surendra Kumar) ལགས་དང་། དམིགས་བསལ་སྐུ་མགྲོན་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་ཡན་ལག་ཚོགས་པའི་ཚོགས་གཙོ་སོམ་ཡ་དིབ་དུཏྟ་ (Soumyadeep Dutta) ལགས། ཧི་མ་ལ་ཡའི་བོད་དོན་ལས་འགུལ་ཁང་གི་དྲུང་ཆེ་བསོད་ནམས་ལྷུན་གྲུབ་བླ་མ་ལགས། རྡོར་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས་ཐེ་བའི་ས་གནས་འབྲེལ་ཡོད་མི་སྣ་དང་། མི་མང་ལྷན་ཞུགས་གནང་ཡོད། སྐབས་དེར་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ངོ་སྤྲོད་དང་སྦྲགས། ས་གནས་མི་མང་ཁྲོད་དུ་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་གལ་གནད་ཆེན་པོ་ཡིན་ཞིང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་བོད་དོན་སྐོར་ཞུ་གཏུག་གནང་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྷ་རཏ་རཏྣ་འབུལ་བཞེས་གནང་དགོས་པའི་སྐོར་རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་དང་ཞུ་མུས་ཡིན་ལ། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ངོས་ནས་རྒྱ་གར་དུ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་མ་འཚོག་སྔོན་ལ་དགོས་འདུན་ལྔ་འཁོད་པའི་གསལ་འགོད་གསལ་བསྒྲགས་བསྐྱངས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། དེ་རྗེས་སྐུ་ཞབས་སོམ་ཡ་དིབ་དུཏྟ་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས། བསོད་ནམས་ལྷུན་གྲུབ་ལགས་ནས་ཀྱང་རྒྱ་གར་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུའི་གལ་གནད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སྲ་བརྟན་གཏང་རྒྱུ། བོད་དང་རྒྱ་གར་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་རྡོ་རྗེ་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་ཚོགས་པ་བཙུགས་ཐུབ་པ་བྱུང་ཞིང་། ཚོགས་པའི་ཚོགས་གཙོར་བསམ་གྲུབ་འབྲུག་པ་ལགས་དང་། གཞན་རྒྱུན་ལས་གྲངས་བཅུ་གཅིག་བསྐོ་བཞག་གནང་ཡོད། ཚོགས་འདུ་གྲུབ་མཚམས་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་དང་། གསར་དུ་གྲུབ་པའི་རྡོར་གླིང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་འགྱུར་མེད་བྷོ་ཊི་ཡ་ལགས་གཉིས་ནས་ས་གནས་ཀྱི་གསར་འགོད་པ་དང་ལྷན་བཀའ་མོལ་གནང་ཡོད་པ་རེད། ཕྱི་ཉིན་རྡོར་གླིང་སམ་བྷོ་ཊ་གཏན་སློབ་ཏུ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་ས་གནས་བོད་མི་དང་ཐུག་འཕྲད་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། རྡོར་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་གནང་། གཞན་ཡང་སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་། རྡོར་གླིང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བསམ་གྲུབ་འབྲུག་པ་ལགས་ནས་རྡོར་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་བཙུགས་པའི་དགེ་མཚན་དང་། མ་འོངས་ལས་དོན་རྩོམ་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།