
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོ ག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་ བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་ དང་། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཞུ ས་རྗེས། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ དམག་སྤྱི་ཟུར་པ་སྐུ་ཞབས་ནཱ་ར་ ཝན་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་ སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉི ས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གི ས་མཛད་སྒོ་དང་འབྲེལ་བའི་གསུང་ བཤད་གནང་ཡོད་འདུག
སྐབས་དེར་དམིགས་བསལ་སྐུ་མགྲོན་ སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཁོ ང་སྒེར་ངོས་ནས་དུས་རྒྱུན་རང་ བཙན་ཞེས་པའི་འབོད་ཚིག་ལ་དགའ་ཞེ ན་དང་། བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་དང་ ། དེ་རིང་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་སྐུ་ཚབ་ཐོག་བཅར་རྒྱུ ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ སྐོར། ཚོགས་འདུ་ཉིན་བཞིའི་རིང་གི་བརྗོ ད་གཞི་ཁག་གལ་གནད་ཅན་ཤ་སྟག་ཡིན་ པ་དང་། དེ་བཞིན་ཚོགས་བཅར་བ་རྣམ་པ་གནའ་ དེང་གི་ཤེས་ཡོན་གཉིས་ལྡན་དང་། བོད་མི་རིགས་ལ་བརྩེ་བ་ཡོད་མཁན། གཞིས་བཞུགས་བོད་མིའི་གནས་སྟངས་ ཀྱི་ཁ་ཕྱོགས་ལ་བསམ་ཤེས་གནང་མཁན་ ཤ་སྟག་ཡིན་པར་ངོས་འཛིན་གནང་གི་ ཡོད་པའི་ཐོག་ནས་ད་རེས་ཚོགས་འདུ འི་ཐོག་གྲོས་བསྡུར་གནང་རྗེས་མ་ འོངས་པར་རྩ་དོན་འཐབ་རྩོད་ཀྱི་ཁ་ ཕྱོགས་ཡག་པོ་ཞིག་ལ་འགྲོ་རྒྱུའི་ ཆ་འཇོག་དང་གདེང་ཚོད་ཡོད་སྐོར།
གཞན་ཡང་དེ་སྔོན་རྒྱལ་སྤྱིའི་བོ ད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་ བཞུགས་སྒར་རྡ་སར་ཚོགས་པའི་རྗེས་ ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲི ད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ ་སྐབས་བྱུང་བ་དང་། ད་ལན་ཚོགས་ཆེན་ཐེངས་དྲུག་པའི་ཐོ ག་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་ངོས་ནས་སྐུ་ཚབ་བཏང་བ་དེ ས། ད་བར་ཚོགས་བཅར་བ་ཚོས་ལས་དོན་གང་ བརྩམས་པ་ཡིན་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་ དུ་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ནང་དྲང་བདེན་དང་། ནུས་པ་ལྡན་པ་ཞིག་གནང་གི་ཡོད་པར་ ངོས་འཛིན་གནང་གི་ཡོད་སྐོར། རྩ་བའི་༧གོང་ས་མཆོག་གི་དགོངས་ གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་ མའི་ལམ་གྱི་སྲིད་བྱུས་ཡིན་ཡང་། རང་བཙན་འཐབ་རྩོད་བྱས་པ་ཡིན་ན་དེ འི་འགལ་ཟླར་འགྲོ་གི་མེད་པ་དང་། དེ་ཡང་གཉིས་སྨན་དབུ་མའི་ལམ་གྱི་ སྲིད་བྱུས་ཀྱི་ཆ་རྐྱེན་ནང་། རྒྱ་ནག་དམར་པོའི་གཞུང་ནས་བོད་ ནང་དྲག་པོའི་སྲིད་བྱུས་མཚམས་འཇོ ག་དགོས་པ་དང་། དེ་བཞིན་བོད་ནང་ཆོས་དང་རིག་གཞུ ང་སྲུང་སྐྱོབ་བྱ་རྒྱུའི་གོ་སྐ བས་སྤྲོད་དགོས་པ་གསལ་ཡོད། འོན་ཀྱང་རྒྱ་ནག་དམར་གཞུང་གིས་ད་ བར་དྲག་པོའི་སྲིད་བྱུས་མཚམས་འཇོ ག་བྱས་མེད་པ་མ་ཟད། སྡུག་སྦྱོང་མནར་གཅོད་སྔར་ལྷག་ གཏོང་གི་ཡོད་པར་བརྟེན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་ མོ་བྱུང་བ་དང་། དེ་ནས་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་གནང་ཡོ ད་སྟབས། བཙན་བྱོལ་ནང་ཡོད་པ་ཚང་མས་ནུས་པ་ མཉམ་སྤུངས་གནང་དགོས་པ་དང་། རྩ་དོན་འཐབ་རྩོད་ཐོག་ལངས་ཕྱོགས་ འདྲ་མིན་ཡོད་ཀྱང་། ཕན་ཚུན་གུས་བརྩི་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་རྒྱལ་ སྤྱིའི་ནང་ལོ་རྒྱུས་འཁྱོག་བཤད་ བྱས་དང་བྱེད་བཞིན་པ་དེར། རྒྱལ་སྤྱིའི་ནང་བདེན་དཔང་གནང་ དགོས་སྐོར་སོགས་གདོང་ལེན་གང་ཐུ བ་བྱེད་དགོས་པ། དེ་བཞིན་རྒྱལ་སྤྱིའི་བོད་རང་ བཙན་ཚོགས་ཆེན་ཐེངས་དྲུག་པ་བར་གྱི ་འགྲོ་གྲོན་ཡང་རོགས་ཚོགས་སོགས་ ལ་མ་བརྟེན་པར། ཚོགས་མི་སོ་སོའི་ངོས་ནས་མཐུན་ འགྱུར་གང་ཐུབ་གནང་བ་དེས་བཙན་བྱོ ལ་སྤྱི་ཚོགས་ནང་རང་ཁ་རང་གསོའི་ ཐོག་འཐབ་རྩོད་བྱེད་བཞིན་པའི་ གནས་སྟངས་ཤིག་ཆགས་ཀྱི་འདུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ པ་དང་། མ་འོངས་པར་མུ་མཐུད་ནས་མཇུག་སྐྱོ ང་གནང་རོགས་ཞེས་གསུངས་གནང་འདུག་ པ་བཅས། །