༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་དང་། ཤར་ཕྱོགས་ཨོ་ཌི་ཤ བྱང་ཤར་འབྲས་ལྗོངས་བཅས་ཀྱི་མངའ་སྡེ་ཁག་གསུམ་ནང་བོད་དོན་ཞུ་སྐུལ་ལས་དོན་རིམ་པར་སྤེལ་ཏེ་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༠ ཉིན་ལས་དོན་ཡོངས་སུ་མཇུག་བསྒྲིལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༩ ཉིན་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་ཆེན་པོ་མཆོག་གི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་དབང་བཀའ་དྲིན་སྩོལ་གནང་གི་ཉིན་གྲངས་ ༦༩ ཉིན་མོ་དང་འབྲེལ་ཞོགས་པ་ཆུ་ཚོད་ ༨།༠༠ ཐོག་རིན་པོ་ཆེ་མཆོག་ལ་སྤྱི་འཐུས་རྣམས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་བསྟུན་མཇལ་ཁ་ཞུས་པ་དང་། ཚོགས་ཐུན་དང་པོ་གྲུབ་མཚམས་རིན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཆེད་གནང་མཛད་པ་ལྟར། རིན་པོ་མཆོག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་གསང་གསུམ་མཛད་པའི་འཕྲིན་ལས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་ཐུགས་སྨོན་སྐྱབས་འཇུག་གནང་སྐྱོང་ཡོང་བ་དང་། རིན་པོ་ཆེ་ཉིད་ཀྱང་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་༸ཞབས་པད་བརྟན་པ། རྒྱ་དམར་གྱི་དྲག་གནོན་སྡུག་རྩུབ་འོག་གཞིས་བཞུགས་བོད་མི་རྣམས་དུས་མིན་རྐྱེན་འདས་དང་། འཛིན་བཟུང་བཙོན་འཇུག དབང་མེད་མནར་གཅོད་སོགས་ཀྱི་དཀའ་ཚེགས་ཁྲོད་ལྷུང་བཞིན་པ་རྣམས་ལ་ཐུགས་བསྐྱེད་སྨོན་ལམ་གནང་སྐྱོང་ཡོང་བའི་ཞུ་གསོལ་བཏབ་པ་ལྟར་རིན་པོ་ཆེ་མཆོག་ནས་བཀའ་བཞེས་བཟང་པོ་གནང་སོན་བྱུང་། སྤྱི་འཐུས་རྣམས་དང་ས་གནས་འགོ་འཛིན་བཅས་ཚོགས་ཐུན་གཉིས་རིང་ཆོས་ཞུ་བའི་བྲལ་དུ་ཞུགས་སྐལ་ཐོབ་ཡོད།
དགོང་མོ་ཆུ་ཚོད་ ༦།༠༠ ཐོག་འབྲས་ལྗོངས་མངའ་སྡེའི་ཤིང་ནགས་བློན་ཆེན་སྐུ་ཞབས་ཀརྨ་བློ་གྲོས་བྷོ་ཊི་ཡ་ (Shri Karma Loday Bhutia, Minister Forest & Environment, Science & Technology) མཆོག་གི་གཟིམ་ཁང་དུ་སྤྱི་འཐུས་རྣམ་པ་མགྲོན་འབོད་གནང་བ་ལྟར་ཁོང་དང་མཇལ་འཕྲད་ཞུས་ཏེ། སྤྱི་ལྷན་གྱི་ཕྱག་རྟགས་དང་འབྲེལ་ཡོད་ཡིག་ཆ་རྣམས་ཕུལ་ནས་མངའ་སྡེ་ཁག་ནང་སྤེལ་བཞིན་པའི་སྤྱི་ལྷན་གྱི་བོད་དོན་ཞུ་སྐུལ་གྱི་དམིགས་ཡུལ་སོགས་གསལ་བཤད་ཀྱིས་དེ་འབྲེལ་རྒྱབ་སྐྱོར་ཡོང་ཐབས་སྐོར་དང་། འབྲས་ལྗོངས་སུ་གནས་འཁོད་སྐྱབས་བཅོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་མགོན་ཡོང་ཐབས་སྐོར་སོགས་ཞུས་པར། ཁོང་ནི་བོད་པ་རང་ཡིན་པའི་འདུ་ཤེས་ཡོད་པ་དང་། བོད་དོན་དང་འབྲེལ་བའི་གནད་འགག་ཐུག་དུས་སོགས་སུ་འཚེར་སྣང་མེད་པར་གདོང་དུ་ཐོན་ནས་གླེང་མོལ་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུར་ལྷོད་གཡེང་རྩ་བ་ནས་མེད་པའི་སྐོར་དང་། འབྲས་ལྗོངས་སུ་གནས་འཁོད་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་ནང་མོལ་ཞིབ་ལྷུག་བྱུང་ཞིང་ཁོང་དང་འབྲེལ་བའི་ལས་དོན་གནང་དགོས་རིགས་ས་གནས་འགོ་འཛིན་བརྒྱུད་མཇུག་སྐྱོང་དགོས་པའི་ལམ་སྟོན་སོགས་གནང་ཡོད། གཞན་ཡང་ཁོང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་སྐྱོང་ཡོང་བའི་སྐོར་སོགས་ཆུ་ཚོད་གསུམ་ཙམ་རིང་ལྷོད་མོལ་བྱུང་། སྐབས་དེར་ས་གནས་འགོ་འཛིན་མཆོག་མཉམ་བཅར་ཞུས་ཡོད།
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༠ ཉིན་ཞོགས་པ་རྒྱལ་ས་སྒང་ཏོག་ནས་ཕེབས་ཐོན་གནང་སྟེ་བསམ་འགྲུབ་རྩེའི་ཉེ་འགྲམ་དུ་ར་ཝང་ལ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ནས་ཕེབས་བསུ་ཞུས་པ་དང་བསམ་འགྲུབ་རྩེའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་ལ་མཆོད་མཇལ་ཞུས་པ་དང་། ཆུ་ཚོད་ ༡༠།༣༠ ནས་ ༡།༠༠ བར་འབྲས་ལྗོངས་ལྷོ་ཕྱོགས་གནམ་ཕྱི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འབྲས་ལྗོངས་གཞུང་གི་མཐོ་སློབ་ (Sikkim Government College, Namchi) ཀྱི་ཚོགས་ཁང་ཆེན་མོར་ ”འཕགས་བོད་དབར་ལོ་རྒྱུས་དང་། རིག་གཞུང་གི་འབྲེལ་བ།” (India and Tibet: Legacy, History and Culture) ཞེས་པའི་བརྗོད་གཞིའི་ཐོག་དགེ་སློབ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་བའི་གཏམ་བཤད་དང་བགྲོ་གླེང་གི་ཚོགས་འདུར་དགེ་སློབ་གྲངས་ ༨༠༠ ཙམ་མཉམ་ཞུགས་གནང་བའི་སྐབས། ཐོག་མར་སྐད་ཡིག་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་སློབ་དཔོན་ལས་རོགས་འབུམ་རམས་པ་ཚེ་དབང་རྒྱ་མཚོ་ (Dr. Tsewang Gyatso, Asst Professor and Head of Dept of Languages, Namchi Government college) མཆོག་གིས་༸གོང་ས་མཆོག་གི་མཛད་འཕྲིན་སྙིང་བསྡུས་དང་། ད་ལྟ་བོད་རྒྱ་ནག་གི་བཙན་བཟུང་བྱས་ཡོད་པ་སོགས་བོད་དོན་སྐོར་ཁ་གསལ་གོ་བདེའི་ངོ་སྤྲོད་དང་བཅས་ཕེབས་བསུའི་གསུང་བཤད་དང་། དེ་རྗེས་སྤྱི་འཐུས་རྣམས་ཀྱི་ངོ་སྤྲོད་ཀྱང་གནང་ཡོད།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་བོད་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། འཕགས་བོད་དབར་ཆོས་དང་རིག་གཞུང་འབྲེལ་བའི་སྐོར་དང་། ལྷག་པར་དུ་བོད་དང་འབྲས་ལྗོངས་དབར་ཆོས་དང་རིག་གཞུང་གང་ཐད་ནས་གཅིག་མཚུངས་ལས་དབྱེ་འབྱེད་བྱ་རྒྱུ་མེད་པའི་སྐོར་དང་། ༡༩༥༩ ལོར་བོད་མི་སྐྱབས་བཅོལ་ལ་ཡོང་སྐབས་འབྲས་ལྗོངས་ས་གནས་སུ་ལམ་བཟོ་རྒྱུགས་པ་སོགས་བྱས་ཏེ་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་མང་པོ་བསྐྱོན་ཡོད་པའི་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལས་བཙན་བྱོལ་ནང་མང་གཙོ་གསར་གཏོད་དང་། ཤེས་ཡོན་དང་ཆོས་རིག་གི་བསྟི་གནས་ཁག་གསར་འཛུགས་གནང་སྟེ་ཧི་མ་ལ་ཡའི་རི་རྒྱུད་སོགས་ལ་ལེགས་སྐྱེས་རིན་ཐང་བྲལ་བ་བསྐྲུན་ཡོད་པའི་སྐོར། ཡིན་ནའང་བོད་མི་བརྒྱ་ཆ་ ༩༠ ལྷག་བོད་ནང་དུ་ལུས་ཡོད་པའི་རྒྱ་དམར་གྱི་བཙན་དབང་འོག་ཉིན་རེ་བཞིན་འགྲོ་འདུག་རང་དབང་ཙམ་ཡང་མེད་པ་མ་ཟད། པཎ་ཆེན་སྐུ་ཕྲེང་ ༡༠ པ་ཆེན་པོ་སོགས་ཆོས་དང་རིག་གཞུང་ལ་མཛད་རྗེས་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་དང་མཁྱེན་ཡོན་ཅན་མང་པོ་འཛིན་བཟུང་བཙོན་འཇུག་དང་དུས་མིན་རྐྱེན་འདས་སུ་གཏོང་གི་ཡོད་པའི་སྐོར། མ་འོངས་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་གཞོན་སྐྱེས་ཁྱེད་རྣམས་ཀྱིས་དེ་འབྲེལ་གྱི་གནད་དོན་ཁག་ལ་ཐུགས་སྣང་དང་འགན་ཁུར་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་། འབྲས་ལྗོངས་ནི་ད་ལྟའི་རྒྱ་ནག་དམར་པོའི་གཞུང་གིས་དབང་བསྒྱུར་བྱས་པའི་བོད་དང་ས་འབྲེལ་ལ་སོང་ཁྱེད་རྣམས་རྒྱ་ནག་དམར་པོའི་མགོ་སྐོར་དང་བསླུ་བྲིད་འོག་ནམ་ཡང་མ་ཚུད་པ་དགོས་སྐོར་སོགས་ཀྱི་གསུང་བཤད་དང་།
སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས་ད་ལན་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་མངའ་སྡེ་ཁག་གཞན་གཉིས་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཇི་བསྐྱངས་དང་། དམིགས་བསལ་འདས་པའི་ཉིན་གྲངས་བཞི་རིང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་མཆོག་དང་། སྤྱི་ཁྱབ་བློན་ཆེན་མཆོག གྲོས་ཚོགས་ཚོགས་གཙོ་ཚོགས་གཞོན་སོགས་མཇལ་འཕྲད་ཀྱིས་ལས་དོན་ཇི་སྤེལ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། བོད་བཙན་པོའི་སྐབས་ནས་བཟུང་འཕགས་བོད་ཆོས་རིག་གི་འབྲེལ་ལམ་ཇི་ཡོད་སྐོར་དང་། འཕགས་ཡུལ་ན་ལེནྜའི་ཆོས་རིག་རྣམས་བོད་པས་བདག་སྐྱོང་ཇི་ལྟར་བྱས་ཡོད་པའི་སྐོར། བོད་རང་བཙན་སྐབས་སུ་རྒྱལ་ཁབ་མང་པོའི་ལྷན་འདྲ་མཉམ་གྱི་ཆིངས་ཡིག་བཞག་ཡོད་པ་ཁག་ངོ་སྤྲོད། འཕགས་བོད་ས་མཚམས་ཀྱི་གནས་སྟངས་ལས་འཕྲོས་ཏེ་བོད་དོན་དེ་རྒྱ་གར་ལ་གལ་གནད་ཇི་ཆགས་སྐོར། ད་ལྟའི་རྒྱ་དམར་སྲིད་གཞུང་གིས་བོད་ནང་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། བོད་ཕྲུག་འབུམ་ཕྲག་མང་པོ་རྒྱ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བག་ཆགས་མེད་པ་བཟོ་བཞིན་ཡོད་པའི་སྐོར། བོད་དང་ཧི་མ་ལ་ཡའི་ཁོར་ཡུག་སྤྱི་ཡི་གནས་སྟངས་དང་ལྷག་པར་དུ་བོད་ཀྱི་གཙང་པོ་ཆེ་ཁག་རྣམས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གལ་གནད་ཇི་ལྟར་ཆགས་ཀྱི་ཡོད་པའི་སྐོར། སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུའི་ནང་གསལ་བོད་དོན་ཞུ་སྐུལ་གྱི་དམིགས་ཡུལ་དོན་ཚན་ཁག་ལ་རྒྱབ་སྐྱོར་ཡོང་ཐབས་དང་། འབྲས་ལྗོངས་དང་བོད་དབར་གྱི་ཆོས་རིག་མཛའ་འབྲེལ་རྒྱུན་མཐུད་དགོས་སྐོར་སོགས་ཀྱི་གསུང་བཤད།
སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་ངོ་སྤྲོད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་བོད་མིའི་སྒྲིག་འཛུགས་ངོ་སྤྲོད། གོང་དུ་སྤྱི་འཐུས་གཉིས་ཀྱིས་ཞུས་པའི་གནད་དོན་ཁག་ཅིག་སྐོར་ནན་བརྗོད་བཅས་ཀྱི་གསུང་བཤད་གནང་རྗེས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་འགྲེམ་སྤེལ་དང་། དགེ་སློབ་རྣམས་ནས་འཚང་ཁ་ཤིག་ཤིག་ངང་དྲི་བ་གནང་བ་རྣམས་ལ་ལན་འདེབས་ཞུས་གནང་ཡོད།
མཐར་འབུམ་རམས་པ་ཚེ་དབང་རྒྱ་མཚོ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་པ་དང་། ད་ལན་མཐོ་སློབ་འདིའི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུའི་ཚོགས་འདུ་གོ་སྒྲིག་གི་ཐོག་མཐའ་བར་གསུམ་དུ་འགན་ཁུར་རྐང་བཞེས་གནང་མཁན་སྐད་ཡིག་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་སློབ་དཔོན་ལས་རོགས་འབུམ་རམས་པ་ཚེ་དབང་རྒྱ་མཚོ་ (Dr. Tsewang Gyatso, Asst Professor and Head of Dept of Languages, Namchi Government College) མཆོག་དང་། གཞན་ཡང་ཁོང་ལ་མཐུན་འགྱུར་དང་རམ་འདེགས་གནང་མཁན་སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་པ་ནུ་པ་ཛོ་ (Dr. Panu Pazo, HOD Political Science) ལགས། ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་ཨུ་དྷེམ་བྷོ་ཊི་ཡ (Ms. Uden Bhutia, HOD History) ལགས། སྤྱི་ཚོགས་སྡེ་ཚན་གྱི་འགན་འཛིན་ཀིམ་ལ་རྡོ་རྗེ་བྷོ་ཊི་ཡ་ (Kimla Dorjee Bhutia HOD Sociology) ལགས་སོགས་ཚོགས་འདུ་གོ་སྒྲིག་གནང་མཁན་དང། ཚོགས་ཞུགས་གནང་མཁན་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་སོགས་ཕུལ་གནང་ཡོད། དེ་རྗེས་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་དྷེ་པཀ་ཏི་ཝ་རི་ (Dr. Deepak Tiwari, Principal of the Namchi Government College) མཆོག་དང་མཇལ་འཕྲད་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་སྙན་སོགས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཏེ་མཐོ་སློབ་ཏུ་བོད་དོན་གོ་རྟོགས་སྤེལ་བའི་ཚོགས་འདུ་གོ་སྒྲིག་གི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཚོགས་འདུ་དེར་ར་ཝང་ལ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་གཉིས་མཉམ་ཞུགས་གནང་འདུག ཚོགས་འདུ་གྲུབ་མཚམས་ར་ཝང་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་གྱེས་སྟོན་གསོལ་ཚིགས་འདེགས་འབུལ་གནང་བ་བཅས་ཀྱིས་འབྲས་ལྗོངས་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ཡོངས་སུ་མཇུག་བསྒྲིལ་གནང་ཡོད།
གོང་གསལ་སྤྱི་འཐུས་གསུམ་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༢ ཉིན་ལྡི་ལི་ནས་ཀོལ་ཀ་ཏར་ཕེབས་ཐོན་དང་། ཕྱི་ཚེས་ ༡༣ ནས་ ༡༩ བར་ཀོལ་ཀ་ཏ་ས་གནས་སུ་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་མཇལ་འཕྲད་དང་། སྲིད་དོན་ཚོགས་པ་ཁག་གི་གནད་ཡོད་མི་སྣར་ཐུག་འཕྲད། བོད་དོན་དང་འབྲེལ་བའི་དམིགས་བསལ་ཚོགས་འདུ། མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་ཁག་བཞིའི་ནང་བོད་དོན་གོ་རྟོགས་ཁྱབ་སྤེལ། གསར་འགོད་ལྷན་ཚོགས་ཆེད་སྐོང་ཞུས་པ་སོགས་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་བ་དང་། ཕྱི་ཚེས་ ༢༠ ཉིན་བྷུ་བུ་ནེ་ཤེ་ཝར་དུ་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༠ ནས་ ༢༣ བར་བྷུ་བུ་ནེ་ཤེ་ཝར་དང་། པུ་རི། ཀ་ཊག་བཅས་སུ་རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་། ཆེས་བཀུར་བར་འོས་པའི་ཧིན་དྷུའི་བླ་ཆེན་ལ་མཇལ་ཞུ། སྲིད་དོན་ཚོགས་པ་ཁག་གཉིས་ཀྱི་ལས་ཁུངས་སུ་ཆེད་བཅར། གཙུག་ལག་སློབ་གཉེར་ཁང་ལྔ་དང་གཞི་རིམ་སློབ་གྲྭ་གཅིག་བཅས་སུ་བོད་དོན་གོ་རྟོགས་དང་ཁྱབ་སྤེལ་སོགས་ཀྱིས་བོད་དོན་ཞུ་སྐུལ་གནང་།
ཕྱི་ཚེས་ ༢༤ ཉིན་རྡོར་གླིང་དུ་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༥ ཉིན་ཆེས་གྲགས་ཆེ་བའི་མཐོ་སློབ་གཅིག་ཏུ་བོད་དོན་ཁྱབ་སྤེལ་དང་། གྲོང་སྡེའི་སྤྱི་ཁྱབ་ལས་ཟུར་སོགས་གལ་ཆེའི་གནད་ཡོད་མི་སྣར་ཐུག་འཕྲད་གནང་། ཕྱི་ཚེས་ ༢༦ ཉིན་སྒང་ཏོག་ཏུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༦ ནས་ ༣༠ བར་སྒང་ཏོག་དང་གནམ་ཕྱི་བཅས་སུ་མངའ་སྡེའི་སྲིད་སྐྱོང་དང་། མངའ་སྤྱིའི་སྤྱི་ཁྱབ་བློན་ཆེན། མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ཚོགས་གཞོན། མངའ་སྡེའི་བློན་ཆེན་ཁག་དང་གྲོས་ཚོགས་འཐུས་མི། དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་ཟུར་པ། མངའ་སྡེའི་ནང་སྲིད་དྲུང་ཆེ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། བསྟན་འགྲོའི་དཔལ་མགོན་ནང་པའི་བླ་ཆེན་སོགས་མཇལ་འཕྲད་དང་། གསོ་རིག་སློབ་ཆེན་གཅིག་དང་། མཐོ་སློབ་གཅིག་བཅས་སུ་བོད་དོན་གོ་རྟོགས་དང་ཁྱབ་སྤེལ་སོགས་ཀྱིས་ནུབ་བྷེང་གྷལ་དང་། ཨོ་ཌི་ཤ འབྲས་ལྗོངས་བཅས་རྒྱ་གར་མངའ་སྡེ་ཁག་གསུམ་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ཡོངས་སུ་ལེགས་གྲུབ་ཀྱིས་མཇུལ་བསྒྲིལ་ཏེ་ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བཞུགས་གནས་སྒང་ཏོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་བཞུགས་གནས་ཤི་ལི་གྷུ་རི་ཤེས་རིག་ཕུན་ཚོགས་གླིང་སོ་སོར་ཕེབས་འབྱོར་དང་། ཕྱི་ཚེས་ ༣༡ ཉིན་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཞུགས་གནས་བལ་ཡུལ་རྒྱལ་སར་ཕེབས་འབྱོར་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །