༄༅། །བལ་ཡུལ་གངས་ཅན་བདེ་རྩའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༠ ནས་ ༢༨ བར་ཉིན་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཚེ་རིང་དཔལ་འཛོམས་ལགས་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་དགེ་བཤེས་བསྟན་འཛིན་མཚན་ལེགས་ལགས་གཉིས་ནས་བལ་ཡུལ་ཀཐ་མན་ཌུ་དང་སྤོག་ར་ཁུལ་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟབ་སྦྱོང་ཕུལ་ཡོད།དེའང་མཐུན་སྦྱོར་བའམ་ཟབ་ཁྲིད་པ་གཉིས་ནས་ཀཐ་མན་ཌུ་རུ་ཡོད་པའི་བོད་པའི་སློབ་གྲྭ་རྣམ་རྒྱལ་མཐོ་སློབ་དང་། རྣམ་རྒྱལ་འབྲིང་སློབ། ཨ་ཏི་ཤ་སློབ་གྲྭ། སྲོང་བཙན་བལ་བཟའ་འབྲིང་སློབ། སྤོག་ར་ཁུལ་གྱི་མན་ཇུཤྲི་རི་ཉིན་སློབ། གངས་ཏི་སེ་སློབ་གྲྭ། ལེགས་བཤད་ཚལ་སློབ་གྲྭ། སྒེར་གྱི་སློབ་གྲྭ་ཨེས་ཨོ་ཨེས་ཡི་ (SOS) དགེ་ལས། བཀྲ་ཤིས་གླིང་ས་གནས་འགོ་འཛིན་མཉམ་ཞུགས་ཐོག་ས་གནས་མི་མང་རྣམས་ལའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་ཟབ་སྦྱོང་ཕུལ་ཡོད། ཟབ་སྦྱོང་རིམ་པའི་སྐབས་སུ་གངས་ཅན་བདེ་རྩའི་འགན་འཛིན་ཚེ་རིང་སྟོབས་རྒྱས་ལགས་དང་། གངས་ཅན་བདེ་རྩའི་འཛིན་སྐྱོང་འགན་འཛིན་བསོད་ནམས་ཚེ་རིང་ལགས། གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། བལ་ཡུལ་བོད་པའི་སློབ་གྲྭ་ཁག་བདུན་དང་སྒེར་གྱི་སློབ་གྲྭ་གཅིག་བཅས་དགེ་ལས་བུ་མོ་ ༧༩ དང་བུ་ ༦༥ ཁྱོན་བསྡོམས་ ༡༤༤ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ཐུགས་བསྐྱེད་དམ་བཅའ་དང་པོའི་ཡ་གྱལ། གོ་ལ་སྤྱི་ལ་ཕན་པའི་བཟང་སྤྱོད་ཀྱི་སློབ་གསོ་ཞིག་ཡིན་པས། ད་ལན་ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞིར་རྒྱུས་མངའ་དང་། དེ་ལ་རྒྱུ་མཚན་ལྡན་པའི་ངེས་པ་རྙེད་ཐུབ་པ་ཞིག་གི་ཐོག་ཉིན་རེའི་ཤེས་ཡོན་གྱི་ནང་སློབ་ཁྲིད་ལག་བསྟར་བྱེད་ཚུལ། ད་དུང་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་། ལྟ་གྲུབ་ཀྱི་རྒྱབ་ལྗོངས། སཱི་ཤེས་ཡོན་སློབ་གསོའི་བསླབ་གཞིའི་ཐ་སྙད་རྒྱུས་ལོན། ཤེས་རིག་ལས་ཁུངས་ཀྱིས་པར་སྐྲུན་གནང་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་དང་འབྲེལ་བའི་ཕྱག་དེབ་ཁག་ངོ་སྤྲོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བཀའ་སློབ་དང་སཱི་ཤེས་ཡོན་སློབ་གསོའི་སློབ་ཁྲིད་བྱེད་པའི་བརྙན་ཐུང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བོད་ཡིག་སློབ་སྦྱོང་གི་དྲྭ་ཚིགས། ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་བའི་ཕྱག་དེབ། ཨེ་མོ་རི་གཙུག་ལག་སློབ་གཉེེར་ཁང་གི་པར་སྐྲུན་གནང་བའི་ཕྱག་དེབ་དང་རྒྱུ་ཆ་ངོ་སྤྲོད་སོགས་ཀྱི་སྐོར་ལ་སློབ་གྲྭ་རེར་ཉིན་གཉིས་རེའི་ཟབ་སྦྱོང་ཕུལ་བ་བཅས། བལ་ཡུལ་ནང་ཉིན་བརྒྱད་ཀྱི་ཟབ་སྦྱོང་ལེགས་སྒྲུབ་བྱུང་ཡོད། ཟབ་སྦྱོང་གི་འགྲོ་གྲོན་ཆ་ཚང་གངས་ཅན་བདེ་རྩ་བརྒྱུད་ནས་རོགས་ཚོགས་ (Les Amis Du, Tibet Luxembourgh) ནས་མཐུན་འགྱུར་གནང་ཡོད་པ་བཅས། །