༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཞུ་བཞིན་པའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་ལྔ་པ་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༦ དང་ ༢༧ ཉིན་འཚོག་གཏན་ཁེལ་བ་བཞིན་ཇི་ནི་ཝ་བོད་དོན་གླེང་སྟེགས་སུ་ཞུགས་འདོད་ཡོད་རིགས་ཡུ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༡ འགྱངས་མེད་དྲྭ་ཐོག་ནས་དེབ་སྐྱེལ་གནང་དགོས། དེབ་སྐྱེལ་ཟིན་པའི་ཁོངས་ནས་གཞོན་སྐྱེས་གྲངས་ ༢༠ དྲག་འདེམས་ཞུ་རྒྱུ་ཡིན།
ཇི་ནི་ཝ་བོད་དོན་གླེང་སྟེགས་ནི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ཤིག་ཡིན་པ་དང་། དེ་ཉིད་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་དང་འབྲེལ་བའི་དུས་མཚམས་བསྐྱར་ཞིབ་ཐེངས་གསུམ་པའི་རྗེས་སུ་གསར་འཛུགས་གནང་སྟེ། གླེང་སྟེགས་དང་པོ་ཕྱི་ལོ་ ༢༠༡༨ ཟླ་བ་ ༡༡ ཚེས་ ༠༢ ཉིན་འཚོགས་ཡོད་པ་རེད།
འདི་ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་བརྗོད་སྙིང་དུ། རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་དུ་འགྲོ་བ། ཞེས་བདམས་ཡོད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆེད་མཁས་པ་དང་། ཉམས་ཞིབ་པ། ཞུ་གཏུག་པ། སྲིད་བྱུས་བཟོ་མཁན་སོགས་ལྷན་འཛོམས་ཀྱིས་བརྗོད་སྙིང་འདིའི་ཐོག་གྲོས་བསྡུར་སྦྱངས་བཤད་གནང་རྒྱུ་དང་། ཡུ་རོབ་ཁུལ་ནས་དྲག་འདེམས་བྱུང་བའི་གཞོན་སྐྱེས་རྣམས་ལ་གླེང་སྟེགས་ནང་མཉམ་ཞུགས་བྱ་རྒྱུ་དང་། ཆེད་མཁས་པ་རྣམས་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་གོ་སྐབས་ཡོད། ཡུ་རོབ་ཁུལ་ནས་འཛུལ་ཞུགས་བྱེད་མཁན་གཞོན་སྐྱེས་རྣམས་ཀྱི་སྡོད་གནས་དང་། འགྲིམ་འགྲུལ་གྱི་འགྲོ་གྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་གནང་རྒྱུ་བཅས།།