༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༨ ཉིན་མ་སུ་རི་དང་སྡེ་ར་ལྡུན་ཁུལ་དུ་ཉིན་གྲངས་བཅུ་གཅིག་རིང་དབུ་མའི་ལམ་གྱི་སྐོར་གོ་རྟོགས་ལས་གཞི་སྤེལ་འགོ་བཙུགས་ཡོད།
དེ་ཡང་གོང་ཚེས་ཉིན་དབུ་མའི་ལམ་གོ་རྟོགས་ལས་གཞི་ཐོག་མར་མ་སུ་རི་བོད་ཁྱིམ་ནས་དབུ་འཛུགས་ཀྱིས་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་གྲངས་ ༡༧༠ ལྷག་ལ་དབུ་མའི་ལམ་ཚན་པའི་ལས་བྱེད་རིན་ཆེན་ལགས་དང་། ཚེ་བརྟན་སྒྲོལ་མ་ལགས་གཉིས་ནས་དབུ་མའི་ལམ་གྱི་ངོ་བོ་དང་། འཕེལ་རིམ། དམིགས་ཡུལ་སོགས་ཀྱི་སྐོར་རྒྱུས་སྟོན་དང་འབྲེལ། བྱེད་སྒོ་རྣམ་གཞག་བརྒྱུད་ནས་གོ་རྟོགས་སྤེལ་ཡོད་པ་རེད།
ཐེངས་འདིའི་དབུ་མའི་ལམ་གྱི་གོ་རྟོགས་ལས་གཞིའི་བརྒྱུད་གཙོ་བོ་ནི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་བའི་ཐོག སློབ་ཕྲུག་ནང་ཁུལ་བྱེད་སྒོའི་ལམ་ནས་དབུ་མའི་ལམ་སྐོར་གོ་བ་ལེན་ཐབས་དང་། དབུ་མའི་ལམ་དང་འབྲེལ་བའི་ཡིག་ཆ་བགོ་འགྲེམས་ཀྱིས་སྲིད་བྱུས་དེ་ཉིད་ཀྱི་ངོ་བོ་དང་། འཕེལ་རིམ། གྲུབ་འབྲས་སོགས་ཀྱི་སྐོར་སློབ་སྟོན་དང་། དེ་བཞིན་སློབ་ཕྲུག་སོ་སོའི་སེམས་ནང་སྲིད་བྱུས་དེའི་སྐོར་ངེས་ཤེས་སླེབས་ཐབས་ཀྱི་དམིགས་ཚད་བཟུང་གི་ཡོད།
མ་སུ་རི་བོད་ཁྱིམ་རྗེས་འབྲེལ་ལས་གཉིས་སེ་ལ་ཀུ་བོད་ཁྱིམ་དུ་དེ་འབྲེལ་གོ་རྟོགས་ལས་གཞི་སྤེལ་རྒྱུ་ཡིན་པ་བཅས།།