༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ཉིན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ལུགས་བསམ་གཞིས་ལས་ཁང་གི་ལག་འཁྱེར་དོ་དམ་པ། ལས་དྲུང་། གཞིས་གྲོང་ལྔ་པ་དང་དྲུག་པ་གཉིས་ཀྱི་སྤྱི་མི་བཅས་ཚང་འཛོམས་ཀྱིས་ལུགས་བསམ་གཞིས་མི་དུད་ཚང་ཁག་ཅིག་གི་ཞིང་ས་རྒྱ་གར་རྒྱལ་ཡོངས་ལམ་ཆེན་ ༢༧༥ (NH-275) གྱི་ལས་འཆར་འོག་ཚུད་པ་རྣམས་ལ་རྟོག་ཞིབ་གནང་ཡོད།དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་ཏ་ར་ཀི་སན་ལྦི་ལའི་མགྲོན་ཁང་དུ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གཙོས་པའི་འབྲེལ་ལས་རྣམས་ནས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་དྲུང་འཕར་གཉིས་ལ་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པར་ཕེབས་བསུ་སྣེ་ལེན་ཞུས་རྗེས་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་གཞིས་གྲོང་ ༦ ཁང་ཨང་ ༩༩ ནས་འགོ་འཛུགས་ཀྱིས་གཞིས་གྲོང་དང་པོ། གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་ཞིང་ས་རྒྱ་གར་རྒྱལ་ཡོངས་ལམ་ཆེན་ལས་འཆར་འོག་ཚུད་པ་རྣམས་ལ་རྟོག་ཞིབ་གནང་ཡོད།དེ་རྗེས་རྒྱ་གར་རྒྱལ་ཡོངས་ལམ་ཆེན་ལས་འཆར་འོག་ཚུད་པའི་གཞིས་གྲོང་དྲུག་པ་ (HANDIGUDDADA KAVAL) ས་ཆའི་ནང་གཞིས་མི་དུད་ཚང་ ༣༨ ཀྱི་ཞིང་ས་ཨེ་ཀར་ ༡༦ དང་གུན་ཊ་ ༦.༥༠། གཞིས་གྲོང་དང་པོ་ (GOLLARAHOSAHALLI) ས་ཆའི་ནང་གཞིས་མི་དུད་ཚང་ ༢༠ ཐམ་པའི་ཞིང་ས་ཨེ་ཀར་ ༡༧ དང་གུན་ཊ་ ༡༦.༢༥། གཞིས་གྲོང་གཉིས་པ་ (KAILASAPURA) ས་ཆའི་ནང་གཞིས་མི་དུད་ཚང་ ༡༡ ཐམ་པའི་ཞིང་ས་ཨེ་ཀར་ ༡༡། གཞིས་གྲོང་གསུམ་པ་དང་བཞི་པ་ (ARALIKUMARI) ས་ཆའི་ནང་གཞིས་མི་དུད་ཚང་ ༣༩ ཐམ་པའི་ཞིང་ས་ཨེ་ཀར་ ༢༨ དང་གུན་ཊ་ ༠༧ ལ་རྟོག་ཞིབ་གནང་བ་མ་ཟད། གཞན་ཡང་ལུགས་བསམ་ཁྱབ་ཁོངས་གཞིས་གྲོང་ ༧ པའི་སྤྱི་ཁང་གསར་རྒྱག་གི་ལས་གཞི་འགྲོ་མུས་ཡིན་པར་རྟོག་ཞིབ་དང་། སྤྱི་མི་གཉིས་ནས་བདེ་སྡུག་སྙན་གསན་ཞུས་པར་གསན་བཞེས་ཀྱིས་ལམ་སྟོན་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་ (ORTC)དུ་གཟིགས་སྐོར་ལ་ཕེབས་ཡོད་པ་བཅས།།