༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༣ ནས་ ༣༠ བར་གྱི་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བཞིན་མ་སུ་རི་བོད་ཁྱིམ་དུ་འགོ་འཛུགས་གནང་ཞིང་། རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་དབུས་པའི་མ་སུ་རི་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། མ་སུ་རི་སཾ་བྷོ་ཊའི་སློབ་སྤྱི་བཅས་ཆེད་ཕེབས་གནང་།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་འབྱེད་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཇལ་དར་སྒྲོན་འབུལ་རྗེས། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་དྷ་ས་ཁུལ་གྱི་སློབ་ཁག་བརྒྱད་དང་། མ་སུ་རི་ཁུལ་གྱི་སློབ་ཁག་བདུན་གྱི་སློབ་ཕྲུག་བུ་ ༥༥ དང་བུ་མོ་ ༥༩ བཅས་ཁྱོན་དགེ་སློབ་གྲངས་ ༡༢༩ ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པའི་ངོ་སྤྲོད་དང་སྦྲགས་ཉིན་གྲངས་བརྒྱད་ཀྱི་ཉིན་རེའི་ལས་རིམ་ངོ་སྤྲོད་གནང་། དེ་རྗེས་མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་ཌོག་ཊར་པ་སངས་དོན་གྲུབ་ལགས་ཀྱིས་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་མཁན་རྣམས་སློབ་གྲྭ་སོ་སོ་མ་ཡིན་པར་སློབ་གྲྭ་ཕན་ཚུན་དབར་རྟགས་བསལ་གཏོང་ཚེ་ཕན་རླབས་ཆེ་བ་དང་། རིགས་ལམ་འདི་བཞིན་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཙམ་མ་ཡིན་པར་དེའི་བརྒྱུད་སློབ་ཚན་མང་པོར་ཕན་ཐོགས་ཡོང་གི་ཡོད་པར་བསམས་ཏེ་ངེས་པར་དུ་སློབ་སྦྱོང་བྱ་དགོས། ལྷག་པར་དུ་ཚན་རིག་དང་རྩིས་རིག་གི་བརྗོད་གཞི་མང་ཆེ་བ་རིག་པ་གཏོང་རྒྱུའི་སློབ་ཚན་ཞིག་ཡིན་སྟབས། རིགས་ལམ་ལ་དོ་དབྱིངས་དང་སྦྱོང་བརྡར་ཡོད་པའི་སློབ་ཕྲུག་ཚོས་ཚན་རྩིས་སོགས་སློབ་ཚན་གཞན་གྱི་ནང་དོན་རྟོགས་སླ་བའི་ཁྱད་པར་ཡོད་པ་ར་འཕྲོད་ཐུབ་ཀྱི་འདུག་པས། སློབ་ཕྲུག་ཚང་མས་ངེས་པར་དུ་རིགས་ལམ་འདུ་འཛོམས་འདིའི་དུས་ཚོད་དམ་འཛིན་གནང་དགོས་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་སྤྱི་མཁན་པོ་འཇམ་དཔལ་སྦྱིན་པ་མཆོག་ནས་སྤྱིར་དབུ་འབྱེད་ཀྱི་མཛད་རིམ་གཞིར་བཟུང་བྱས་ན་ངས་རིགས་ལམ་གྱི་གལ་གནད་སྐོར་བཤད་དགོས་ཀྱི་ཡོད་ནའང་། སློབ་གྲྭ་སོ་སོའི་ལྟ་གྲུབ་དགེ་རྒན་རྣམས་ནས་ཉིན་རེ་བཞིན་རིགས་ལམ་སློབ་ཁྲིད་གནང་གི་ཡོད་སྟབས་ངས་དེ་ཙམ་ཞུ་ཐུབ་པ་མི་འདུག འོན་ཀྱང་ཤར་ནུབ་ཚང་མར་རིགས་ལམ་ལ་བརྟེན་པའི་ཤེས་ཡོན་དེ་ཚད་མཐོ་པོར་བརྩི་བཞིན་ཡོད་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྣམས་ཀྱང་ང་ཚོས་ར་འཕྲོད་མི་འཕྲོད་ཙམ་མ་གཏོགས་ཆོས་ཚུལ་ཐམས་ཅད་རིགས་ལམ་གྱི་གནད་དང་འབྲེལ་ཡོད། དེས་ན་རིགས་ལམ་ནི་ཤེས་བྱ་ཇི་འདྲ་ཞིག་ཡིན་ཡང་ཀླད་པའི་ངོ་བོར་གཏིང་ཟབ་པོ་ཞིག་འཛུགས་ཐུབ་པའི་ཐབས་ལམ་ཞིག་ཆགས་ཡོད། ང་ཚོའི་ཉིན་རེའི་ལེགས་ཉེས་ཀྱི་ཐག་གཅོད་ཀྱི་ནུས་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ལ་བརྟེན་ནས་བྱུང་ཞིང་། དེ་ལྟ་བུའི་ཆོས་རབ་ཏུ་རྣམ་འབྱེད་དེ་ཡང་རིགས་ལམ་ལ་བརྟེན་ནས་འབྱུང་བཞིན་ཡོད། ང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་ཐུན་མོང་བའི་རིག་གནས་ཀུན་གྱི་ནང་རིགས་ལམ་གྱི་གནད་ཀྱང་བྱེ་མར་ཆུ་སིམས་པ་ལྟར་ཆགས་ཡོད་པས། དེའི་སྐབས་ང་ཚོས་རིགས་པའི་གནད་མ་ཤེས་ན་བསམ་བློ་གཏིང་ཟབ་པོ་གཏོང་མི་ཐུབ་པ་དང་། བསམ་བློ་གཏིང་ཟབ་པོ་གཏོང་མ་ཐུབ་ན་ང་ཚོའི་ཆོས་དང་རིག་གཞུང་ལ་ལོ་རེ་བཞིན་བར་ཐག་རིང་དུ་འགྲོ་ཉེན་ཡོད་སྟབས། རིགས་ལམ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཆགས་ཡོད།
ང་ཚོའི་ཆོས་དང་རིག་གཞུང་དེ་བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཆགས་ཡོད་པས་དེའི་སྲུང་སྐྱོབ་ཀྱི་འགན་ཁུར་དེ་ཧི་མཱ་ལ་ཡའི་རིགས་སུ་གྱུར་པ་རྣམས་མི་རིགས་དང་ཆོས་ལུགས། རིག་གཞུང་། གོམས་གཤིས་གཅིག་པ་ཆགས་ཡོད་སྟབས་ང་ཚོའི་ཕྲག་པར་བབས་ཡོད། དེ་འདྲའི་འགན་ཁུར་དེ་ཚུལ་བཞིན་ཁུར་ཐུབ་པར་རིགས་ལམ་དེ་གལ་འགངས་ཆེན་པོ་ཞིག་ཏུ་མཐོང་གི་འདུག དེ་ལྟར་མ་ཐུབ་ན་ང་ཚོ་བོད་རིགས་རྣམས་འཛམ་གླིང་གི་ཡུལ་གྲུ་གང་སར་འཐོར་ཏེ་ནམ་ཞིག་ང་ཚོའི་པོ་ལགས་དང་རྨོ་ལགས་བོད་པ་རེད་ཟེར་བ་ཙམ་མ་གཏོགས། བོད་སྐད་ཀྱང་གོ་བརྡ་མ་འཕྲོད་པའི་དུས་ཚོད་ཅིག་འགོ་བཙུགས་ཟིན་པ་ལྟ་བུ་མཐོང་གི་འདུག གལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་དེ་མུ་མཐུད་ནས་གནས་ན་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་བོད་མི་རིགས་ཀྱི་འཐབ་རྩོད་དང་། ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་བུ་གླིང་འདིའི་སྟེང་དུས་ནམ་ཡང་བརླགས་ཤིང་འཆི་བར་མི་འགྱུར་བར་གསོན་པོར་གནས་ཐུབ་པ་མ་ཟད། རྟགས་བསལ་གཏོང་སྐབས་ཁ་ནས་ཚིག་འདོན་ཞིང་བསམ་བློར་རིགས་པའི་གོམས་འདྲིས་ཟབ་མོ་བཞག་པར་བརྟེན་ང་ཚོའི་སྐད་ཀྱི་སྲུང་སྐྱོབ་ལའང་རིགས་ལམ་དེ་གལ་གནད་ཆེན་པོ་ཡིན། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེས་ཀྱང་རིགས་ལམ་གྱི་གལ་གནད་ཐོག་བཀའ་སློབ་ཡང་ཡང་ཕེབས་པ་དེའི་རྒྱབ་ལྗོངས་ཀྱང་དེ་ལྟར་གཟིགས་ཡོད་པ་རེད། དེས་ན་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དེ་རྒན་རབས་དང་ཕ་རོལ་ཞིག་གིས་བྱེད་ཅིང་། ངས་བྱེད་མི་དགོས་པར་ང་རང་འཚོ་བ་བདེ་སྐྱིད་ཅིག་བྱུང་ན་འགྲིག་ཅེས་བསམ་བློ་གཏོང་བསྡད་ན་ནམ་ཞིག་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་མི་རབས་ཇེ་ཉུང་དུ་འགྲོ་བའི་སྐབས་ཤིག་ལ། ང་ཚོའི་རྩ་ཆེའི་ཆོས་དང་རིག་གཞུང་དེ་སྲུང་སྐྱོབ་བྱེད་མཁན་མེད་པའི་དཀའ་ངལ་ཞིག་ངེས་པར་དུ་འཕྲད་སྲིད་པ་ཡིན།
ངས་བོད་ཕྱི་ནང་ལ་དོ་སྣང་བྱེད་སྐབས་ང་ཚོའི་ན་གཞོན་རྣམས་རིམ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལས་རྒྱང་ཐག་རིང་དུ་འགྲོ་བཞིན་པ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་རེད་འདུག ད་བར་༸སྐུ་མདུན་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་པའི་ཆོས་བརྒྱུད་བསྟན་བདག་རྣམས་དང་། མཁས་པ་རྣམ་པས་ལོ་ངོ་དྲུག་ཅུ་ལྷག་རིང་སྐུ་ལས་ཚད་མེད་བསྐྱོན་ནས་སློབ་གྲྭ་ཟུར་འཛུགས་གནང་བ་དེར་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་རེད། དེས་ན་མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཁུར་དེ་ད་ལྟའི་གཞོན་སྐྱེས་རྣམས་ལ་ཡོད་པས་ཁྱེད་ཚོས་འགན་ཁུར་ཐུབ་པ་ཞིག་དགོས། རིགས་ལམ་ཤེས་པ་ཡིན་ན་སྤྱི་ཚོགས་ཤིག་ནང་འཁྲུག་ཟིང་དང་མི་མཐུན་པ་ལྟ་བུ་ཞིག་བྱུང་ན་དེར་གདོང་ལེན་བྱེད་ཕྱོགས་མི་འདྲ་བ་ཡོད་པ་གསལ་པོ་རེད། དཔེར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བྱ་ཅི་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་པ་དེ་ཡང་རིགས་ལམ་ཡིན། དེ་བཞིན་དུ་ང་ཚོས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་དགེ་མཚན་འདི་དང་དེ་ཡོད་བསམ་པ་དེ་ཡང་རིགས་ལམ་ཞིག་ཡིན། དཔེར་ན་སློབ་ཕྲུག་ཅིག་གི་སོ་སོའི་དགེ་རྒན་ལ་ཡིད་ཆེས་དང་བརྩི་བཀུར་སེམས་གཏིང་ནས་ཡོད་ན། དགེ་རྒན་དེས་ལམ་སྟོན་གང་བྱས་པར་སློབ་ཕྲུག་དེས་ཀྱང་སེམས་གཏིང་ནས་ངོས་ལེན་བྱེད་ཅིང་དེའི་ལམ་ལའང་འགྲོ་ཐུབ་ཀྱི་ཡོད། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱང་ང་ཚོར་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་མཁན་ཞིག་ཡིན་པར་ངོས་ལེན་བྱེད་ཐུབ་ན། སངས་རྒྱས་ཀྱིས་གང་གསུངས་པ་ཐམས་ཅད་བདེན་པ་ཉིད་དུ་ངོས་ལེན་བྱེད་ཅིང་། དེའི་ལམ་ལའང་འཇུག་ཐུབ་པ་ཡིན། གཞན་ཡང་༸སྐུ་མདུན་ཡིད་བཞིན་ནོར་བུར་ང་ཚོ་བོད་མི་ཡོངས་ཀྱིས་སེམས་གཏིང་ནས་དད་པ་དང་ཡིད་ཆེས་བྱེད་པར་བརྟེན། ཁོང་གིས་གང་གསུངས་པ་ཐམས་ཅད་བདེན་ཉིད་དུ་ཡིད་ཆེས་བྱེད་པ་དེ་དག་ཀྱང་རིགས་པའི་ལམ་ལ་བརྟེན་ནས་ཡོང་གི་ཡོད་པ་བཅས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་།
མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་གཙོ་བོ་དབུས་པའི་མ་སུ་རི་བོད་ཁྱིམ་གྱི་འཛིན་སྐྱོང་ལས་བྱེད་དང་མཐུན་འགྱུར་གནང་མཁན་རྣམས་དང་། ཕྱོགས་མཐའ་ནས་ཕེབས་པའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ།