༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་ལྷན་ཚོགས་ (Indian Scientific Research Organisation (ISRO) ནས་བཟོས་པའི་ཅནྡྲ་ཡཱན་གསུམ་པ་ (Chandrayaan-3) ཟླ་བའི་སྟེང་ལེགས་པར་བབས་ཐུབ་པར་སྲིད་བློན་མོ་དྷི་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། རྒྱ་གར་གྱི་ཅནྡྲ་ཡཱན་གསུམ་པ་ཟླ་བའི་སྟེང་ལེགས་པར་བབས་ཐུབ་པ་དང་། དེ་བཞིན་དེ་ལྟར་མཛད་རྗེས་འཇོག་མཁན་འཛམ་གླིང་གི་རྒྱལ་ཁབ་ཨང་བཞི་པ་དེ་ཆགས་པ། ཟླ་བའི་ལྷོ་ཕྱོགས་ལ་བབས་མཁན་རྒྱལ་ཁབ་ཨང་དང་པོར་ཆགས་པ་བཅས་ཀྱི་མཛད་རྗེས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
གཞན་ཡང་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་ལྷན་ཚོགས་དང་། དེའི་ཐོག་སྐུ་ལས་བསྐྱོན་མཁན་འབྲེལ་ཡོད་ཡོངས་ལའང་འཚམས་འདྲི་ཞུ་རྒྱུ་དང་། ཁོང་རྣམ་པས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཐོན་ཏེ། རྒྱ་གར་གྱི་རྒྱལ་ཁབ་དེ་བཞིན་འཛམ་གླིང་ནང་སྤོབས་པ་སྐྱེ་འོས་པ་ཞིག་ཆགས་ཡོད། དེ་ལྟར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་པར། ང་ཚོ་བོད་མི་ཚོའང་དགའ་ཚོར་ཆེན་པོ་བྱུང་། མ་འོངས་པར་ཡང་ལས་དོན་ཐམས་ཅད་དེ་ལྟར་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །