༄༅། །འདི་གར་ཐའེ་ཝན་སྐུ་ཆབ་དོན་གཅོད་ཁང་ནས་བཏང་གནང་ནང་འཁོད་དོན། དགེ་ལུགས་མཐུན་ཚོགས་ནས་གོ་སྒྲིག་གནང་བ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༤ ནས་ ༦ བར་ཉིན་གསུམ་རིང་དགེ་ལུགས་སྨོན་ལམ་ཆེན་པོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས་ཡོད་པ་རེད།ད་ཐེངས་དགེ་ལུགས་སྨོན་ལམ་ཆེན་པོའི་བརྗོད་གཞི་ནི་འཛམ་གླིང་ཞི་བདེ་དང། འཁྲུག་རྩོད་དང་འབྱུང་བའི་གོད་ཆགས་ཞི་ནས་འབངས་རྣམས་བདེ་སྐྱིད་དཔལ་ལ་རོལ་ཆེད་ཡིན་ཞིང་། སྨོན་ལམ་གྱི་ཚོགས་མགོན་དུ་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ཕེབས་ཡོད་པ་དང་། ཉིན་དང་པོའི་སྨོན་ལམ་ལ་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལྟ་སྒྲུབ་སློབ་དཔོན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཀྱང་གདན་ཞུས་ལྟར་བཅར་ཏེ་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།དེ་རིང་གི་སྨོན་ལམ་ཆེན་པོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་ཆེད་དུ་རྒྱ་གར་ནས་ཐའེ་ཝན་ལ་ཕེབས་ཡོད་པ་དང་། ར་སྟོད་མཁན་པོ་དགེ་བཤེས་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་མཆོག་ཆེད་དུ་ལྷོ་ཀོ་རི་ཡ་ནས་ཐའེ་ཝན་ལ་ཕེབས་ཏེ་སྨོན་ལམ་ཆེན་པོའི་ཚོགས་མགོན་དུ་བཞུགས་ཡོད་པ་རེད།ཉིན་གསུམ་གྱི་སྨོན་ལམ་རིང་བོད་བརྒྱུད་དགེ་འདུན་པ་ ༡༥༠ ཙམ་དང་། རྒྱ་བརྒྱུད་དགེ་འདུན་པ་ ༡༥༠ ཙམ། གཞན་ཡང་སྨོན་ལམ་གྱི་སྦྱིན་བདག་ཆེན་པོ་དང་། དད་ལྡན་མང་ཚོགས་བརྒྱ་ཁྲག་མང་པོ་མཉམ་འཛོམས་བྱུང་སྟེ་སྨོན་ལམ་རྒྱ་ཆེ་ཞིག་འཚོགས་ཡོད་པ་རེད། ད་ལོའི་དགེ་ལུགས་སྨོན་ལམ་དེ་ནི་ཐའེ་ཝན་དུ་འཚོགས་པའི་དགེ་ལུགས་སྨོན་ལམ་སྐབས་གསུམ་པ་ཡིན་འདུག་ཅིང་། སྐབས་དང་པོ་དང་གཉིས་པའི་ནང་ཞྭ་སེར་བསྟན་པའི་གཙུག་རྒྱན་དཔལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོ་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས་ཚོགས་མ་ཐུབ་ཀྱང་། ད་ལོ་བསྐྱར་དུ་འཚོགས་ཐུབ་པ་བྱུང་འདུག །