༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཅིག་ལྕོགས་པདྨ་བཟང་པོ་ལགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༧ སྔ་དྲོའི་ཚོུད་ ༩༌༣༠ ཐོག་ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་ས་འཐུས་སྐབས་ ༡༡ པའི་ཚོགས་མི་གསར་འདེམས་གྲངས་ ༧ ཆ་ཚང་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་འཆི་མེད་ཚེ་རིང་ལགས་དང་། ཚོགས་གཞོན་དུ་དཔལ་ལྡན་ཡེ་ཤེས་ལགས་གཉིས་བདམས་ཐོན་གྱིས་ཚོགས་མི་རྣམ་པའི་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་རྒྱབ་ཚོུད་ ༢ པའི་ཐོག་མི་མང་ཚོགས་ཁང་ནང་ས་གནས་ཁྲིམས་ཞིབ་པ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འཕེལ་རིམ། ངོ་བོ་དང་འགན་དབང་། གྲུབ་ཆ། ཁྲིམས་ཡིག་ཁག་གསུམ་གྱི་ནང་དོན་ངོ་སྤྲོད། དེ་བཞིན་སྤྱི་མང་ཁྲིམས་ཡིག་གི་ནང་ནས། ས་གནས་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་དང། ཁྲིམས་ཞིབ་བྱ་རྒྱུའི་གཞི་རྩའི་ཆ་རྐྱེན། གྱོད་ཡ་འཐུས་མི། ངོ་ཚབ། ཁྲིམས་རྩོད་པ་བཅས་བསྐོ་གཞག་བྱེད་ཕྱོགས། ཁ་མཆུ་ཞུ་གཏུག་སྐབས་ཞུ་སྦྱོར་བས་ཕུལ་དགོས་པའི་ཡིག་ཆ་དང་ཞུ་རྩ་ནང་འཁོད་དོན་གནད། རྩོད་ལན་པའི་ཞུ་ལན། ཁ་མཆུ་ཉན་ཞིབ་ཀྱི་བྱ་རིམ་སྐོར། བཅད་ཁྲ་གཏོང་ཕྱོགས། བཅོས་གསོའི་ཐབས་ལམ་ཇི་ཡོད། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་དང་ཁྲིམས་ཁོངས་ཁྱབ་ཚད་བཅས་ཀྱི་ངོ་སྤྲོད་གནང་ཐུབ་པ་བྱུང་འདུག་པའི་གནས་ཚུལ་དུ། །