༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༠༥ ཉིན་ཉི་འོང་དུ་ཟླ་གསུམ་གཟའ་མཇུག་བོད་ཡིག་འཛིན་གྲྭ་དབུ་འཛུགས་ཞུས་ཡོད།
དེ་ཡང་གཟའ་མཇུག་འཛིན་གྲྭ་དབུ་འབྱེད་མཛད་སྒོའི་ཐོག་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་སློབ་གཉེར་བ་རྣམས་ལ་ཕེབས་བསུ་དང་། སློབ་གཉེར་བ་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། ཐེངས་འདིའི་སྐད་ཡིག་འཛིན་གྲྭ་དེ་བཞིན་བོད་སྐད་ཁོ་ན་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ཡང་སློབ་ཁྲིད་གནང་གི་ཡོད་ཅེས་གསུངས།
བོད་ཡིག་གྲྭ་དེ་བཞིན་ཉིན་རེར་ཆུ་ཚོད་གཉིས་རིང་འཚོག་རྒྱུ་ཡིན་པ་དང་། དེ་ལས་ཆུ་ཚོད་གཅིག་ཁ་བརྡ་དང་ཆུ་ཚོད་གཅིག་རིང་འབྲི་ཀློག་སློབ་ཁྲིད་གནང་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་སྒོམ་ཁྲིད་དང་། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་ཀྱང་སློབ་ཁྲིད་གནང་གི་ཡོད་པ་རེད།
འཛིན་གྲྭར་ཚོགས་བཅར་ཞུ་མཁན་གྲས་སུ་ཉི་འོང་བ་དང་། ལྷོ་སོག རྒྱ་རིག་གི་སློབ་གཉེར་བ་ཡོད་ཅིང་། སློབ་གཉེར་བ་འགའ་ཤས་ནས་དེ་སྔོན་གྱི་འཛིན་གྲྭར་ཚོགས་བཅར་ཞུ་མྱོང་མཁན་གྲས་ཡིན། ཟླ་གསུམ་བོད་ཡིག་འཛིན་གྲྭ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ཟླ་མཇུག་བར་འཚོག་གི་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས། འབྲེལ་ལས་ཚེ་ལྷ་ལགས་བཅས་ནས་སློབ་ཁྲིད་གནང་གི་ཡོད་པ་བཅས།།