༄༅། །ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༦ ཉིན་བོད་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་ནི་ཕྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༢༧ ཉིན་ལྷ་སའི་ཞི་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་ལོ་གསུམ་བཙོན་བཅུག་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་དང་། དེ་རྗེས་ཕྱི་ལོ་ ༡༩༩༣ ཟླ་བ་ ༧ པའི་ནང་ཆབ་སྲིད་ཀྱི་ཉེས་མིང་འོག་ལྷ་ས་གསང་ཡིབ་བཙོན་ཁང་དང་གཞིས་རྩེ་ཉ་རི་བཙོན་ཁང་ནང་ལོ་གཅིག་རིང་བཙོན་བཅུག་བྱས་ཡོད་འདུག
སླར་ཡང་ཕྱི་ལོ་ ༢༠༠༥ ལོའི་ཕྱི་ཟླ་ ༩ པར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༤༠ འཁོར་བའི་དུས་དྲན་མ་ཚུགས་གོང་ཕྱི་ལོ་ ༢༠༠༥ ཟླ་ ༨ པའི་ཚེས་ ༢༨ ཉིན་ཁོང་གིས་ཁང་ཁྱིམ་བསྔོགས་བཤེར་བྱས་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་དཔར་སོགས་རྙེད་སོན་བྱུང་སྟབས། རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་དུས་ཡུན་ལོ་ ༡༢ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་པ་དང་། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༣ ཉིན་ཆུ་ཤུལ་བཙོན་ཁང་དུ་གནས་སྤོ་བྱས་ཡོད་འདུག་པ་བཅས་ཁྱོན་མི་ལོ་མི་ལོ་ ༡༧ བཙོན་དུ་ཚུད་མྱོང་ཡོད་འདུག
ཁོང་ནི་ཕྱི་ལོ་ ༡༩༥༥ ཟླ་བ་ ༦ ཚེས་ ༡༤ ཉིན་ལྷོ་ཁ་གོང་དཀར་སྐྱེས་ཞིང་། རྒྱུན་དུ་ལྷ་སར་གནས་སྡོད་བྱ་བཞིན་ཡོད་འདུག ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་ཐུགས་སྨོན་སྐྱབས་འཇུག་ཞུ། །