༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་ལུགས་གསོ་རིག་དང་། དེང་རབས་སྨན་ལུགས་ཟུང་འབྲེལ་གྱི་ལས་གཞིའི་འོག་བོད་མི་འདུ་སྡོད་ས་གནས་ཆེ་ཁག་ཏུ་ས་གནས་ཟུང་འབྲེལ་ཚོགས་ཆུང་བསྐོ་འཛུགས་ཀྱི་ལས་འཆར་འོག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་ས་གནས་སྦིར་འཕྲོད་བསྟེན་སྨན་ཁང་དུ་དེ་གའི་སྨན་ཁང་འགན་འཛིན་དང་སྨན་པ་སྨན་ཞབས། དེ་བཞིན་ས་གནས་འགྲོ་ཕན་སྨན་རྩིས་ཁང་གི་སྦིར་དང་ཅོན་ཏ་ར་ཡན་ལག་སྨན་ཁང་གི་སྨན་པ་བཅས་ཚོགས་འཛོམས་ཀྱིས་ས་གནས་སུ་ཟུང་འབྲེལ་ལས་གཞི་ངོ་སྤྲོད་དང་སྦྲགས་ས་གནས་ཚོགས་ཆུང་ཆེད་འཛུགས་ཞུས།
ཚོགས་ཆུང་ནས་གཙོ་བོ་ས་གནས་སུ་ནད་གཞི་སྔོན་འགོག་དང་འབྲེལ་འཕྲོད་བསྟེན་གོ་རྟོགས་གཏམ་བཤད་དང་། དེ་བཞིན་རིམས་ནད་སོགས་ཁྱབ་གདལ་སྐབས་སྔོན་འགོག་སྨན་བཅོས་ལམ་སྟོན། གཞན་ཡང་ས་གནས་སོ་སོར་མང་ཚོགས་འཕྲོད་བསྟེན་གནས་སྟངས་ཐོག་གྲོས་བསྡུར། སྨན་པ་རྣམས་ནས་སྨན་ལུགས་ཕན་ཚུན་ཤེས་ཡོན་བརྗེ་ལེན་གནང་རྒྱུའི་མཚོན་མང་ཚོགས་འཕྲོད་བསྟེན་གང་བཟང་གོང་མཐོར་གཏོང་རྒྱུ་དེ་ཡིན། །