༄༅། །འདི་གར་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ནས་བཏང་གནས་ནང་འཁོད་དོན། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབྱར་གནས་ཐེངས་ཉེར་ལྔ་བཞུགས་ཡུལ་གནས་ཁྱད་པར་ཅན་མཉན་ཡོད་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཐུན་འགྱུར་བླ་ན་མེད་པའི་འོག་སྤྱི་ལོ་༢༠༡༩ ལོར་བར་མ་དང་ཤི་རི་ལང་ཀ་སོགས་ནས་གནས་བརྟན་སྡེ་པའི་དགེ་སློང་༡༠༨ ལྷན་བཞུགས་ཀྱིས་གཞི་གསུམ་ཕྱག་ལེན་དབྱར་གནས་ལ་འཚོགས་ཡོད་པ་ལྟར། འདི་ལོ་སླར་ཡང་ཨ་རི་དང་། ཐའི་ཝན། ཝེཏ་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། ཐེ་ལེན། ནེའུ་ཛི་ལེན། ཨོསྟྲེ་ལི་ཡཱ། ཕ་རན་སི་སོགས་རྒྱལ་ཁབ་དུ་མ་ནས་དགེ་སློང་མའི་ཞལ་གྲངས་ ༡༤༥ ལྷན་འཛོམས་ཐོག་མཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ་སྤྱི་ལོ་༢༠༢༣ ཟླ་བ་༠༨ པའི་ཚེས་༠༡ ཉིན་དབྱར་གནས་དངོས་སུ་དབུ་འཛུགས་བསྐྱངས་ཡོད་པ་རེད།
ཐེངས་འདིའི་དབྱར་གནས་དེ་བཞིན་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རྗེས་ལ་དགེ་སློང་མའི་སྡེས་གནས་ཆེན་དེར་དབྱར་གནས་ཚོགས་པ་ཐེངས་དང་པོ་ཡིན་པས་རྒྱལ་སྤྱིའི་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་གལ་གནད་ཤིན་ཏུ་ཆེ་བའི་བྱུང་བ་ཞིག་ཏུ་གྱུར་ཡོད་པ་བཅས།།