༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་བཞིན་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༧ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་བྷ་ཇ་ བྷ་ཇ་འཕྲུལ་རིགས་མཐོ་སློབ་ཁང་ (Budge Budge Institute of Technology) དང་། གྷ་ན་ས་མ་ནེ་ (Ganasamannay) ཚོགས་པ། སོ་ཧོ་བྷ་རཏ་ (Soho Bharat Foundation) ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་ “རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་འབྲེལ་བོད་དོན་གོ་རྟོགས་དང་ཞུ་སྐུལ་གྱི་གོ་སྐབས་བསྐྲུན་གནང་བ་ལྟར། སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་མཐོ་སློབ་ (BBIT) ཀྱི་ཚོགས་ཁང་ཆེན་མོར་སློབ་ཕྲུག་གསར་ཞུགས་དང་འབྲེལ་བའི་གལ་ཆེའི་མཛད་སྒོར་དགེ་ལས་སློབ་ཕྲུག་ ༥༠༠ ལྷག་འདུ་འཛོམས་སར་འབྲེལ་ཡོད་སྡེ་ཚན་ཁག་གི་སློབ་དཔོན་ཆེན་མོ་རྣམས་ཀྱིས་སྐབས་བསྟུན་གསུང་བཤད་རིགས་གྲུབ་མཚམས། འཕགས་བོད་གཉིས་ཀྱི་རྒྱལ་དར་སྒྲིག་བཤམ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་།གྷ་ན་ས་མ་ནེ་ (Ganasamannay) ཚོགས་པའི་དྲུང་ཆེ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པར་ཏབ་གྷོ་ཤི་ (Pratap Ghosh) མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་སོ་སོ་ནས་རང་རང་གི་ལུགས་སྲོལ་ལྟར་འཛམ་གླིང་ཞི་བདེས་ཁྱབ་ཅིང་སྐྱེ་འགྲོའི་བདེ་སྐྱིད་གོང་འཕེལ་ཡོང་བའི་སྨོན་ལམ་གྱིས་སྣེ་དྲངས་ཏེ། གྷ་ན་ས་མ་ནེ་ཚོགས་པའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་རུ་བྷེ་མུ་ཁར་ཇེེ་ (Ruby Mukherjee) མཆོག་ནས་སྤྱི་འཐུས་རྣམས་དང་འབྲེལ་ཡོད་ཚོགས་མི་ཁག་ངོ་སྤྲོད། སོ་ཧོ་བྷ་རཏ་ (Soho Bharat Foundation) ཞེས་པའི་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སློབ་དཔོན་ཨན་ཏར་ཧི་མ་ལ་ཡ་ (Swami Antar Himalaya) མཆོག་ནས་བོད་དོན་དེ་རྒྱ་གར་ལ་གལ་ཆེ་ཆགས་ཀྱི་ཡོད་པའི་སྐོར། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་ངོ་སྤྲོད། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རྒྱ་དམར་གྱི་བཙན་དབང་འོག་བོད་མི་རྣམས་ཀྱིས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས། དེང་སྐབས་རྒྱ་ནག་གི་འཕྲུལ་རིགས་ལག་རྩལ་རྣམས་དྲག་གནོན་དང་། སུན་གཙེར། སོ་ཉུལ་སོགས་ཀྱི་ཆེད་དུ་བེད་སྤྱོད་ཤུགས་ཆེ་གཏོང་བཞིན་ཡོད་པས་འཛམ་གླིང་འདིའི་ཐོག་མི་འབོར་མང་ཤོས་ཡིན་པའི་རྒྱ་གར་གྱི་མི་རབས་གསར་པ་རྣམས་ཀྱིས་འཕྲུལ་རིགས་ལག་རྩལ་གང་ཐད་ནས་སློབ་སྦྱོང་ཕུལ་དུ་ཕྱིན་པ་གནང་སྟེ་རྒྱ་ནག་ལ་རེ་མི་དགོས་པ་ཞིག་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་དང་། གཞོན་སྐྱེས་རྣམས་ཀྱིས་དེང་རབས་སྤྱི་ཚོགས་དྲ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སོགས་བོད་དོན་ལ་དམིགས་བསལ་ཐུགས་སྣང་དང་འགན་ཁུར་ཡོང་བའི་རེ་སྐུལ་ཞུས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་འཕགས་བོད་ཆོས་རིག་གི་འབྲེལ་ལམ་སྐོར་དང་། བོད་རང་བཙན་ཡིན་པའི་གནས་སྐབས་སུ་རྒྱལ་ཁབ་མང་པོའི་ལྷན་དུ་བཞག་པའི་ཆིངས་ཡིག་ཁག་དང་བོད་པའི་ཕྱི་བསྐྱོད་ལམ་ཡིག་ངོ་སྤྲོད། བོད་དོན་དེ་རྒྱ་གར་གྱི་བདེ་འཇགས་ལ་ཇི་ལྟར་གལ་ཆེ་ཡིན་པའི་སྐོར་སོགས་ངོ་སྤྲོད་ཞུས་གནང་འདུག
དེ་བཞིན་མཐོ་སློབ་ཀྱི་སྤྱི་ཁྱབ་གཙོ་འཛིན་ལས་ཚབ་དང་ལས་འཆར་འགན་འཛིན་བྷར་ཇིན་དྷར་གུབ་ཏ་ (Brajindra Gupta, Development Manager, BBIT) མཆོག་དང་། ངེས་སྟོན་པ་འབུམ་རམས་པ་པོ་རོ་བྷཤ་བྷོས་ (Dr Probhas Bose, Director, BBIT) མཆོག སློབ་སྤྱི་སྐུ་ཞབས་ན་རན་དྷརཱ་ནཐ་ཇཱ་ནཱ་ (Mr Narendra Nath Jana, Principal, BBIT) མཆོག་བཅས་ལ་མཇལ་དར་དང་༸གོང་ས་མཆོག་གི་མཛད་རྣམ་ཕུལ་བ་དང་། སྐད་ཡིག་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་འགྲེམ་སྤེལ་ཞུས་པ་སོགས་བྱས་ཏེ་ཆུ་ཚོད་ ༡།༣༠ བར་འགོར་ནའང་དགེ་ལས་སློབ་ཕྲུག་ཚང་མས་ཐུགས་སྣང་དང་ཆེ་མཐོང་ཚད་མཐོན་པོ་གནང་ཡོད་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༦།༤༠ བར་རྒྱ་གར་ CPI སྲིད་དོན་ཚོགས་པའི་ཚོགས་མི་དང་། དབུས་གྲོས་ཚོགས་གོང་མའི་འཐུས་མི་ བྷི་ཀཤ་ རན་ཇན་ བྷཱ་ཊཱ་ ཅརི་ཡ་ (Shri. Bikashranjan Bhattacharyya, Member of Rajya Sabha) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། ཚོགས་གཙོའི་མཚན་རྟགས་འཁོད་པའི་སྙན་ཞུ་དོན་ཚན་ ༡༠ ཅན། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཞིང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིར་མཉམ་ཞུགས་གནང་སྟེ་དེ་འབྲེལ་གྱི་ལས་དོན་ཁག་ལ་ཐུགས་ཁུར་མཉམ་བཞེས་ཡོང་བའི་རེ་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། བོད་ནང་གི་ཛ་དྲག་གནས་སྟངས་སོགས་གསུངས། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐོག་ཐད་ཀར་རྒྱབ་སྐྱོར་བྱ་ཐབས་དཀའ་ནའང་བཙན་བྱོལ་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་ཇི་དགོས་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར། རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་གནང་ཡོད་པ་དེ་ད་བར་ནུབ་བྷེང་གྷལ་མངའ་སྡེའི་ནང་ལག་བསྟར་ཐུབ་མེད་པས་སྲིད་བྱུས་དེ་ཉིད་ལག་བསྟར་ཡོང་ཐབས་ཆེད་ཐུགས་ཁུར་ཆེ་བཞེས་ཡོང་བའི་རེ་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཡོང་བའི་མགྲོན་འབོད་ཞུས་འདུག
གྲོས་ཚོགས་འཐུས་མི་ཁོང་དང་མཇལ་འཕྲད་སྐབས་རྒྱ་གར་དབུས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་ཟུར་པ་ཨ་ཤོག་ཀུ་མར་གྷང་གུ་ལི་ (Ashok Kumar Ganguly, Retired Supreme Court judge) མཆོག་དང་། གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་གཞོན་པ་ཟུར་པ་སྐུ་ཞབས་པ་བྷི་ཏྲ་སར་ཀར་ (Pabitra Sarkar, Ex Vice chancellor, Rabindra Bharati University) མཆོག གཞུང་གི་སྒྱུ་རྩལ་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ་ལྕམ་དྷི་པ་ལི་བྷཱ་ཊཱ་ཅརྱ་ (Dipali Bhattacharya, Former Principal of Government Art College) མཆོག ནུབ་བྷེང་གྷལ་ CPI སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷི་མན་བྷསུ་ (Biman Basu, The Chairman Left Front, West Bengal) མཆོག ནུབ་བྷེང་གྷལ་མངའ་སྡེའི་ཕྱོག་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨབ་དྷུལ་མཱན་ནན་ (Abdul Mannan, Opposition Leader) མཆོག་བཅས་ཀྱང་གདན་འདྲེན་ཞུས་འདུག་པས་ཁོང་རྣམས་ཀྱི་ལྷན་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་དང་འབྲེལ་ནས་རྒྱ་གར་དང་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་སྐུལ་བྱ་ཕྱོགས་ཀྱི་ལམ་སྟོན་དང་། རྒན་རབས་ཁོང་རྣམ་པས་༸གོང་ས་མཆོག་གི་མཛད་འཕྲིན་གཙོས་བོད་དོན་ལ་ཐུགས་སྣང་ཇི་ལྟར་གནང་བཞིན་ཡོད་པའི་གནས་སྟངས་སོགས་ཕན་ཚུན་བཀའ་བསྡུར་ལྷུག་པོ་བྱུང་བ་དང་། འབྲེལ་ཡོད་ཡིག་ཆ་ཕུལ་བ་རྣམས་ལ་ཐུགས་སྣང་ཆེན་པོ་གནང་འདུག
དགོང་མོ་ཆུ་ཚོད་ ༧།༠༠ ནས་ ༡༠།༠༠ བར་གསར་འགོད་པ་ཟུར་པ་མ་ནོ་ཇི་མོ་ཧན་ཀཱ་ (Manoj Mohanka) ལགས་ཀྱིས་དགོང་ཚིགས་གོ་སྒྲིག་དང་བསྟུན་གལ་ཆེའི་མི་སྣ་མཇལ་འཕྲད་ཀྱི་ལས་རིམ་ཞིག་བསྒྲིགས་གནང་བ་ལྟར། སྐབས་དེར་ཀོལ་ཀ་ཏར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལྕམ་སྐུ་མེ་ལིན་དྷ་པ་ཝེཀ་ (Melinda Pavek, Consulate General of the United States of America) མཆོག་དང་། ནུབ་བྷེང་གྷལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་འཕར་མ་སྐུ་ཞབས་སུབ་ར་ཏ་གུབ་ཏ་ (Dr. Subrata Gupta, Additional Chief Secretary, Food Processing Industries and Horticulture Department, Government of West Bengal) མཆོག སྤྱི་ཁྱབ་དྲུང་ཆེ་འཕར་མ་སྐུ་ཞབས་ཨ་ཏྲི་བྷཱ་ཊཱ་ཅརྱ་ (Atri Bhattacharya, Additional Chief Secretary, Sundarban Affairs Department, Government of West Bengal) མཆོག སྤྱི་ཁྱབ་དྲུང་ཆེ་འཕར་མ་སྐུ་ཞབས་ཀིརྴ་ན་གུབ་ཏ་ (Dr. Krishna Gupta, Additional Chief Secretary, Mass Education Extension and Library Services, Government of West Bengal) མཆོག རྩོམ་པ་པོ་གྲགས་ཅན་ཨ་མིཏ་ཅོའ་དྷུ་རི་ ( Amit Chaudhuri, Well Known Author) བཅས་སོགས་གནད་ཡོད་མི་སྣ་ ༢༠ ལྷག་མཇལ་འཕྲད་གནང་ཞིང་། སྐབས་དེར་ཁོང་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དང་འདས་པའི་ཉིན་ཤས་རིང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཇི་ཕྱིན་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། རྒྱ་གར་མངའ་སྡེ་སོ་སོའི་གཞུང་དང་མི་མང་། སློབ་ཕྲུག་བཅས་ནས་བོད་དོན་རྒྱབ་སྐྱོར་གནང་དགོས་རྒྱུ་སོགས་གལ་ཆེའི་གནད་དོན་མང་པོའི་སྐོར་ལ་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པ་བཅས། །