༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ནིའུ་ཡོག་དང་ནིའུ་འཇར་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་བློ་གསལ་སྐྱེད་ཚལ་བོད་ཀྱི་རིག་གཞུང་གྲྭ་དང་། ཟླ་སྣང་ཐེབས་རྩ་ཁང་གིས་ཁག་སོ་སོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ། སཱི་ཤེས་ཡོན་སློབ་གསོ་དང་། ཕྲུ་གུའི་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཕ་མའི་ངོས་ནས་འགན་ཁུར་བྱེད་སྟངས་བཅས་བརྗོད་གཞི་གཉིས་ཀྱི་ཐོག་ཟླ་བ་ ༧ ཚེས་ ༢༡ ནས་༢༤ བར་ཉིན་བཞིའི་རིང་ཟབ་སྦྱོང་ཚོགས་ཡོད།
བརྗོད་གཞི་དེ་གཉིས་ཐོག་སློབ་ཁྲིད་ལམ་སྟོན་གནང་མཁན་མཁས་དབང་བཞི་ཡོད་པ་ནི། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་སྣེ་ཁྲིད་པ་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙཱ་བ་བགྲེས་པ་བརྩོན་འགྲུས་བསམ་འཕེལ་ལགས། ཉམས་ཞིབ་པ་བསྟན་འཛིན་བསོད་ནམས་ལགས། སློབ་ཁྲིད་ཐབས་ལམ་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ཟུར་པ་བསྟན་འཛིན་འཆི་མེད་ནུ་པ་ལགས་བཅས་རེད།
ཟབ་སྦྱོང་གནང་ཡུལ་གཙོ་བོ་ནི། ཟླ་སྣང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་དང་། སློབ་ཕྲུག་གི་ཕ་མ། བློ་གསལ་སྐྱེད་ཚལ་བོད་ཀྱི་རིག་གཞུང་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་དང་དགེ་རྒན་ཡིན་ཞིང་། ཚེས་ ༢༡ ཉིན་ཟླ་སྣང་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་གལ་གནད་སྐོར་དང་། ཚེས་ ༢༢ ཉིན་སློབ་ཕྲུག་གི་ཕ་མ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་གལ་ཆེའི་རང་བཞིན་སྐོར། ཚེས་ ༢༣ ཉིན་བློ་གསལ་སྐྱེད་ཚལ་བོད་ཀྱི་རིག་གཞུང་སློབ་གྲྭའི་སློབ་ཕྲུག་གི་ཕ་མ་དང་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་གལ་གནད། དེ་རྗེས་ཕྲུ་གུའི་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཕ་མའི་ངོས་ནས་འགན་ཁུར་གང་འདྲ་དགོས་པའི་སྐོར། ཚེས་ ༢༤ ཉིན་ཟླ་སྣང་སློབ་གྲྭའི་སློབ་ཕྲུག་དང་སློབ་ཕྲུག་གི་ཕ་མ་རྣམས་ལ་ཕྲུ་གུའི་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཕ་མའི་ངོས་ནས་འགན་ཁུར་གང་འདྲ་དགོས་པའི་སྐོར་བཅས་ཉིན་བཞིའི་རིང་ཟབ་སྦྱོང་གནང་ཡོད།
ཟབ་སྦྱོང་ཁག་འགོ་འཛུགས་མ་གནང་གོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཟབ་སྦྱོང་གི་བྱུང་རིམ་ངོ་སྤྲོད་མདོར་བསྡུས་དང་། དེ་བཞིན་ཟླ་སྣང་ཐེབས་རྩའི་འགན་འཛིན་གཞོན་པ་ཨེམ་ཆེ་ཀུན་དགའ་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས། བློ་གསལ་སྐྱེད་ཚལ་བོད་ཀྱི་རིག་གཞུང་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ལགས་བཅས་ནས་ཀྱང་དགའ་བསུ་དང་ངོ་སྤྲོད་གསུང་བཤད་གནང་།
ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནལ་གེ་ལགས་དང་། དགེ་རྒན་ཟུར་པ་བསྟན་འཛིན་འཆི་མེད་ལགས་ནས་མཇུག་སྡོམ་གསུང་བཤད་གནང་སྐབས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་སློབ་སྦྱི། ཟླ་སྣང་ཐེབས་རྩ་ཁང་གི་བླ་མ་ཚེ་དབང་རིན་པོ་ཆེ་ནས་སཱི་ཤེས་ཡོན་སློབ་གསོ་དང་། ཕྲུ་གུའི་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཐུགས་སྣང་ཆེ་བཞེས་དང་། ལྷག་པར་དུ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་དེའི་ཐོག་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་དང་འབྲེལ་མཐུད་གནང་བར་ཐུགས་རྗེ་ཆེ་གསུངས།
ཟླ་སྣང་སློབ་གྲྭའི་སློབ་སྤྱི་བསོད་དབྱངས་ལགས་དང་། བློ་གསལ་སྐྱེད་ཚལ་སློབ་གྲྭའི་སློབ་སྤྱི་རྒྱལ་མཚན་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ཞིབ་ཕྲའི་ལས་དོན་གྲ་སྒྲིག་གི་འགན་ཁུར་གཙོ་བོ་གནང་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཐུགས་རྗེ་ཆེ་ཞུས། སློབ་སྤྱི་གཉིས་ཀྱི་གསུང་བབ་ལ་གཞིགས་ན། ཐེངས་འདིའི་ཟབ་སྦྱོང་གིས་སློབ་ཕྲུག་དང་ཕ་མ་གཉིས་ཀར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པ་མ་ཟད། མ་འོངས་པར་ཡང་དེའི་ཐོག་ཤུགས་སྣོན་འཕར་མ་དགོས་པའི་བསམ་ཚུལ་ཞུ་མཁན་ཡང་བྱུང་འདུག་པ་བཅས།།