༄༅། །ཕྱི་ལོ་ ༢༠༢༣ ཟླ་༧ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཐང་ཆེན་དུ་གླེ་བྱང་བོད་རིགས་མི་མང་རྣམས་ལ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་༧།༤༥ ཙལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་ཕོ་མོ་མང་པོས་ལག་ཏུ་མཇལ་དར་དང་། རང་ལུགས་མནབ་བཟས་རྒྱན་སྤྲས་ལེགས་པར་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་དང་། བོད་ཁྱིམ་རྩེད་ཐང་གི་སྡིངས་ཆར་༸ཞབས་སོར་འཁོད་མཚམས་བོད་ཕྲུག་ཁྱིམ་སྡེའི་སྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རིམ་པར་བཏང་ཞིང་། དེ་རྗེས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ནས་གླེ་བྱང་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ལ་དྭགས་བསོད་ནམས་གླིང་ལ་སྤྱི་དོན་གྲུབ་བཀྲིས་ལགས་ནས་དགའ་བསུའི་གསུང་བཤད་དང་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གྱིས་རིམ་པར་ལ་དྭགས་གླེ་བྱང་མི་མང་གིས་མགོན་པོ་གང་ཉིད་མཆོག་ལ་གླུ་གར་གྱི་མཆོད་པ་དབུ་འཛུགས་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭས་གར་གྱི་མཆོད་པ་གླུ་དབྱངས་རྩེ་མོ་ཞེས་པ་དང་། ལ་དྭགས་བསོད་ནམས་གླིང་གླེ་བྱང་མི་མང་ཐུན་མོང་ནས་དེང་དུས་ཀྱི་གར་གྱི་མཆོད་པ་བྲོ་མཆོད་དང་། གནའ་རབས་ཀྱི་གར་གྱི་མཆོད་པ་བཀྲ་ལ་ཤིས་པའི་གླུ་ཞེས་པ་བཅས་རིམ་པར་གཟིགས་འབུལ་ཞུས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་བཀའ་སློབ་སྩལ་དོན།
ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་འདིར་ཁྱོད་ཚོ་ཡུལ་བ་ཚོས་དགའ་སྤྲོ་ཆེན་པོའི་ཐོག་སྤོབས་པ་དང་བཅས་གཞས་དང་ཞབས་བྲོ་འཁྲབ་པ་རེད། གཙོ་ཆེ་ཤོས་ཁྱོད་ཚོ་ཚང་མས་ལྷག་བསམ་དང་དད་པ་གཡོ་བ་མེད་པའི་ཐོག་ནས་དགའ་བསུ་གནང་གི་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་དབུ་འཛུགས་ཀྱིས་བོད་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་སྐོར་ལ་བཀའ་སློབ་སྩལ་དོན།
ང་ཚོ་བོད་ཁ་བ་གངས་ཅན་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མི་རིགས་ཟུར་གསལ་བ་ཞིག་དང་། སོ་སོའི་སྐད་དང་ཡི་གེའི་གཞི་རྩ་ཚུགས་པ་དེ་ལྟར་རེད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཞིང་། མཁན་ཆེན་ཞི་བ་འཚོ་དེ་དུས་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་རེད། ཁོང་བོད་ལ་ཕེབས་ནས་ཁྱོད་ཚོར་སྐད་ཡིག་ཟུར་དུ་འདུག་པས་ལེགས་སྦྱར་སྐད་དང་པཱ་ལིའི་སྐད་བསླབ་དགོས་དོན་མི་འདུག བོད་སྐད་ཀྱི་ནང་དུ་སྟོན་པའི་གསུང་དང་རྒྱ་གར་མཁས་པའི་གཞུང་རྣམས་ཚུར་བསྒྱུར་རྒྱུ་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་བ་ལྟར། རིམ་བཞིན་ལེགས་སྦྱར་དང་། པ་ལིའི་གཞུང་གི་ནང་དུ་ཡོད་པའི་བཀའ་དང་བསྟན་བཅོས་རྣམས་བོད་ཡིག་ཏུ་བསྒྱུར་བ་ད་ལྟ་ང་ཚོ་ཚང་མས་ཤེས་གསལ་ལྟར་གྱི་བཀའ་འགྱུར་པོ་ཏི་བརྒྱ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་རེད། དེ་དག་ཚང་མ་ང་ཚོའི་སློབ་དེབ་ཆགས་ཡོད།
གྲྭ་ས་ཁག་ཏུ་རང་རང་གི་ཡིག་ཆ་གཙོ་བོར་བལྟས་ཏེ་ཁུངས་བཅོལ་ས་བཀའ་འགྱུར་བསྟན་འགྱུར་ལ་གཏུགས་ཀྱི་ཡོད། སློབ་སྦྱོང་བྱེད་པའི་སྐབས་སུ་བཀའ་འགྱུར་དང་། བསྟན་འགྱུར་ལ་སློབ་སྦྱོང་བྱས་ཏེ་སྙིང་པོ་རྣམས་གང་ལ་གང་འཚམ་ཤེས་ཀྱི་ཡོད། གང་ལྟར་བོད་གངས་ཅན་གྱི་ལྗོངས་སུ་བཀའ་འགྱུར་དང་བསྟན་འགྱུར་ཞེས་པོ་ཏི་སུམ་བརྒྱ་སྐོར་ཡོད་པ་དེ་ང་ཚོའི་སློབ་དེབ་རེད། བོད་གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་རྙིང་མ་དང་། གསར་མའི་ནང་ལ་བཀའ་རྒྱུད་པ་དང་། ས་སྐྱ། ཇོ་ནང་། ཕྱིས་སུ་དགེ་ལུགས་པ་བཅས་ཀྱིས་བསྟན་བཅོས་མང་པོ་བརྩམས་ཡོད། འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ལུང་དང་རིགས་པས་སྒྲུབ་ནས་དཔྱད་པ་ནི་བོད་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་སྤུས་དག་ཤོས་དང་ཟབ་ཤོས་ཆགས་འདུག ངོས་རང་ནང་པའི་ཡུལ་གྲུ་མང་པོ་ནས་ཕེབས་པའི་ནང་པ་ཚོར་མཇལ་ཏེ་བཀའ་མོལ་ཡོང་གི་ཡོད། དེར་བལྟས་ཡོང་སྐབས་ང་ཚོ་བོད་ལ་ཡོད་པའི་ནང་པའི་ཆོས་འདི་སློབ་གཉེར་བྱས་ཏེ། ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ་སོགས་ཧ་ཅང་སྤུས་དག་པོ་རེད།
བོད་དུ་ཐོས་བསམ་སྔོན་དུ་སོང་བའི་ཐོག་ནས་སྒྲུབ་པ་ལ་ཞུགས་ཏེ་སྒོམ་ཉམས་ལེན་གནང་མཁན་མང་པོ་ཡོང་གི་ཡོད། ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་ཐོག་ནས་སངས་ཀྱི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་ཆགས་པ་དང་། ལྷག་པར་དུ་རིམ་བཞིན་བོད་དུ་ཚད་མའི་གཞུང་འགྱུར་ནས་བཤད་གྲྭ་གཙོ་ཆེ་ཁག་དག་གིས་ཚད་མའི་གཞུང་ལ་བསླབ་པ་དང་། དེ་དང་ཆབས་ཅིག་ཕྱ་བ་ཆོས་སེང་གིས་སྲོལ་བཏོད་པའི་རྟགས་བསལ་གཏོང་སྟངས་དེ་བོད་ལ་ཚུགས་པ་རེད། དེས་གཞུང་དོན་རྣམས་ལུང་ཙམ་ལ་སྐྱབས་སུ་མཆི་བ་མ་ཡིན་པར་རིགས་པས་དཔྱད་ཅིང་། མདོར་ན་སངས་རྒྱས་ཀྱི་གསུང་ཡིན་ནའང་། གདུལ་བྱའི་ཁམས་དང་མོས་པའི་དབང་གིས་གསུང་བ་ཁག་ཅིག་ལ་རིགས་པས་གནོད་པ་ཡོད་པ་དང་། དེ་དག་ཚང་མར་དཔྱད་གསུམ་དག་པའི་ལུང་གཅིག་ཁས་ལེན་པ་མ་གཏོགས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཟེར་བ་ཙམ་ལ་ཡིད་ཆེས་བྱེད་ཀྱི་མེད། ཅེས་སོགས་ནང་པའི་གཞུང་ལ་རིགས་པས་དཔྱད་པ་བྱས་ཏེ་འགྲོ་རྒྱུ་གལ་ཆེ་ཤོས་ལ་བརྩིས་ཡོད་པ་དང་། དེང་སང་ནང་ཆོས་ལས་གསུངས་པའི་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་དོ་སྣང་བྱེད་ཀྱི་ཡོད་པའི་སྐོར་བཀའ་སློབ་དང་།
མཐར་བོད་ཀྱི་སྐད་ཡིག་གི་སྐོར་ལ་བཀའ་སློབ་སྩལ་དོན། མདོ་དོན་སྙིང་པོ་བོད་ཀྱི་སྐད་ཡིག་ཧ་ཅང་གལ་ཆེན་པོ་རེད། དེང་སང་ནང་པའི་ལྟ་གྲུབ་ལ་འགྲེལ་བཤད་རྒྱག་པར་སྐད་ཡག་ཤོས་དེ་བོད་སྐད་རེད། དེར་བརྟེན། དེ་ལ་ཁྱོད་ཚོ་སློབ་ཕྲུག་ཚང་མས་དོ་སྣང་བྱོས། བོད་ཀྱི་སྐད་ཡིག་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ཡོད་པའི་བཀའ་འགྱུར་དང་། བསྟན་འགྱུར་ནང་གི་མིང་བརྡས་མ་ལྡེང་བ་ཞིག་ནི། དེང་སང་གི་ཚན་རིག་སྐོར་ནས་མིང་ཚིག་གསར་པ་ཡོང་གི་ཡོད། དེ་ང་ཚོས་སྣོན་པ་རྒྱག་བཞིན་རྒྱག་བཞིན་བྱས་ན་ཕན་ཐོགས་ཡོང་གི་རེད། མདོ་དོན་ང་ཚོ་བོད་པ་ནི་རིག་གཞུང་གི་ཐོག་ནས་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་པ་ཞིག་རེད། དེར་ང་ཚོ་ཚང་མས་དོ་སྣང་བྱེད་དགོས། དེའི་རྩ་བ་ནི་བོད་ཡིག་ཆགས་ཡོད་པས་བོད་ཡིག་ལ་དོ་སྣང་ཡག་པོ་བྱོས། བོད་ཡིག་ནང་ན་མ་ལྡེང་བ་ཚོ་མུ་མཐུད་ནས་ཡར་རྒྱུས་ལ་གཏོང་རྒྱུ་ཁྱོད་ཚོ་གཞོན་སྐྱེས་ཚོའི་སེམས་ལ་ངེས་པ་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་སྩལ་བ་དང་། མཐར་ལ་དྭགས་བསོད་ནམས་གླིང་ས་གནས་འཐས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས།།