༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བའི་ཚལ་དུ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བྱ་རྒྱུད་ལུགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་ལ་དྭགས་ཚོགས་པ་ཁག་གི་འཐུས་མིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་ལ་དྭགས་གླེ་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སེར་སྐྱ་མི་མང་ཚོ་ནང་གི་ལས་ཀའི་མཚོན་པའི་བྲེལ་བ་ཆེན་པོ་ཡོད་ཀྱང་། འདིར་གལ་ཆེན་དོན་ཆེན་བྱས་ཏེ་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་འདིར་ཐུགས་རྗེ་ཆེན་པོའི་དབང་གི་སྒྲུབ་ཞག་བྱེད་དགོས་པ་རེད། དེའི་རིང་ཁྱོད་ཚོས་མ་ཎི་བསག་ཅིག སངས་རྒྱས་ཀུན་གྱིས་རབ་ཏུ་སྔགས།། ཡོན་ཏན་དམ་པ་ཀུན་བསགས་པ།། སྤྱན་རས་གཟིགས་ཞེས་མཚན་གསོལ་བ།། རྟག་པར་བརྩེ་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་རང་གཟུགས་དང་། སྤྱིར་རྗེ་བཙུན་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ཡིན་ཡང་། སྤྱན་རས་གཟིགས་དམིགས་བསལ་བ་ཞིག་རེད། ཤེས་རབ་སྙིང་པོའི་ནང་དུ་བཅོམ་ལྡན་འདས་ལ་དྲི་བ་དྲིས་ལན་བྱེད་མཁན་སྤྱན་རས་གཟིགས་རེད། སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་ཐུན་མོང་མ་ཡིན་པ་ཞིག་རེད།
ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་གོང་མ་རིམ་བྱོན་འཕགས་པ་སྤྱན་རས་གཟིགས་དངོས་ལྟ་བུ་རེད། ངོས་ལ་དེ་འདྲ་མེད་ཀྱང་བྱང་ཆུབ་སེམས་ཀྱི་ཉམས་ལེན་མཐིལ་དུ་བྱས་ཏེ། ཞོགས་པ་ཡར་ལངས་པ་དང་། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་སྨོན་ལམ་འདི་བརྒྱབ་ནས་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་སྒྲུབ་བསམ་པའི་སེམས་ཤུགས་ཆེན་པོར་བསྐྱེད་བཞིན་ཡོད། ང་ཚོ་བོད་གངས་ཅན་ལྗོངས་དམིགས་བསལ་གྱིས་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། དེ་བཞིན་ཧི་མ་ལ་ཡའི་རྒྱུད་ཀྱི་ས་ཁུལ་ཡོངས་རྫོགས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་། ཡིད་ཆེས་བྱེད་མཁན་ཆགས་ཡོད། དེ་རིང་འདིར་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ལ་དྭགས་རྒྱ་ཆེའི་མི་མང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་འབུལ་རྒྱུ་ཡིན། ངོས་རང་ཡང་མི་གོ་ཆོད་སོང་བསམ་པའི་སེམས་ལ་དགའ་ཚོར་ཡོང་གི་འདུག ངོས་ཀྱིས་སྒྲུབ་ཞག་རིང་ཁྱོད་ཚོས་མ་ཎི་བསག་ནས་བཞུགས། ངོས་ཀྱིས་སྒྲུབ་ཞག་གི་ཆོ་ག་བཏོན་པའི་རིང་ཁྱོད་ཚོས་ཇ་བཞེས། པག་ཟ་ཆེད་རྩམ་པ་ཕལ་ཆེར་འཁྱེར་ཡོད་ཀྱི་མ་རེད། བག་ལེབ་ཡོད་ན་བག་ལེབ་བཞེས་ཏེ་ལྷོད་ལྷོད་ངང་མ་ཎི་བགྲོངས་། དགོས་པའི་དབང་གིས་ངོས་རང་ལས་སྨོན་གྱིས་སྦྲེལ་ནས་༸རྒྱལ་དབང་གི་སྐྱེ་ཕྲེང་ལ་སླེབས་ཡོད། ངོས་ཀྱིས་བྱང་ཆུབ་སེམས་ཀྱི་ཉམས་ལེན་མཐིལ་དུ་འཛིན་བཞིན་ཡོད། དེ་དང་འབྲེལ་བའི་སྟོང་ཉིད་ཀྱི་ལྟ་བའང་ཉམས་ལེན་གྱི་མཐིལ་དུ་འཛིན་བཞིན་ཡོད། དེར་བརྟེན། ཁྱོད་ཚོས་༸རྒྱལ་དབང་གི་མིང་ཐོགས་ཡོད་པ། ཉིན་རེར་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་མཐིལ་དུ་འཛིན་མཁན་ཞིག་གི་ས་ནས་དེ་རིང་ཐུགས་རྗེ་ཆེན་པོའི་དབང་ཞུ་རྒྱུ་རེད། ཁྱོད་ཚོའི་སེམས་ལ་དགའ་སྤྲོ་དང་སྤོབས་པ་ལྡན་པའི་ཐོག་གསན་ཤོག ཅེས་བཀའ་སློབ་སྩལ་རྗེས་སྤྱན་རས་གཟིགས་ཀྱི་དབང་ཆེན་གྱི་སྒྲུབ་ཞག་མཛད་པ་དང་།
འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཆེན་གྱི་སྒྲུབ་ཞག་གྲུབ་མཚམས་སློབ་མ་སྟ་གོན་དབུ་འཛུགས་མཛད་དེ་ཀུན་སློང་བཅོས་པ་དང་འབྲེལ་ཏེ་བཀའ་སློབ་སྩལ་དོན། མང་པོ་ཞིག་གིས་གསང་སྔགས་ཀྱི་ཆོས་ཉམས་སུ་བླངས་ནས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ཡག་པོ་བྱུང་ན་བསམ་གྱི་ཡོད་པ་རེད། དེ་ནོར་བ་རེད། ཏོག་ཙམ་བསམ་བློ་རྒྱ་ཆེ་བ་འཁོར་མཁན་ཚོས་སྐྱེ་བ་ཕྱི་མར་ལུས་རྟེན་བཟང་པོ་ཞིག་དང་བསྟན་པ་དང་མཇལ་བ་ཡོང་བ་ཤོག་བསམ་པ་དང་། རིགས་འགའ་ཤས་ཀྱིས་གླིང་གཞན་དང་གཞན་དུ་སེམས་ཅན་གྱི་དོན་བྱེད་པའི་བསམ་བློའང་ཡོང་གི་རེད། དེ་ཡག་པོ་འདུག སྐྱོན་མི་འདུག གང་ལྟར་གཞན་དོན་ལ་བསམ་ནས་ངས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཞུ་བསམ་པའི་བསམ་བློ་ཡོད་ན་འགྲིག་གི་ཡོད་པ་རེད། ཚེ་འདི་ཡི་ལྟོ་གོས་གཏམ་གསུམ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་དབང་ཞུས་ན་ཀུན་སློང་མ་དག་རེད་ཅེས་གསུང་གི་འདུག ཚེ་འདི་རྐྱང་པ་ལ་བསམ་བློ་བཏང་ན་ཆོས་བྱེད་དགོས་པ་མི་འདུག འཛམ་གླིང་འདིར་རྒྱལ་ཁབ་མང་པོ་རུ་དངོས་པོ་རྐྱང་པར་བསམ་བློ་བཏང་ནས་ཡར་རྒྱས་འགྲོ་གི་ཡོད། དེས་སེམས་སྐྱིད་པོ་ཡོད་པ་མ་རེད། སྐྱེས་བ་ཕྱི་མ་ཁས་ལེན་གྱི་ཡོད་ན་ཚེ་འདི་རྐྱང་བར་བསམ་བློ་བཏང་ནས་བསྡད་ན་ཚེ་རབས་ཕྱི་མར་ཕན་ཐོགས་མེད། གཏན་དུ་བདེ་བ་ཞིག་དང་། མདོར་ན་རང་གི་སེམས་རྒྱུད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པའི་ཐོག་ནས་སེམས་རྒྱུད་བཟང་པོ་ཞིག་གི་མི་ཚེ་བསྐྱལ་ན་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པ་དང་། བདེ་ཞིང་སྐྱིད་པ་ཞིག་ཡོང་གི་རེད། ཀུན་སློང་དེ་ལྟ་བུ་དགོས་ཞེས་གསུང་གི་ཡོད། ཅེས་སོགས་དབང་གི་སྟ་གོན་དང་འབྲེལ་བའི་ཀུན་སློང་བཅོས་ཐབས་སོགས་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་མཚམས། དབང་དངོས་གཞི་དབུ་འཛུགས་ཀྱིས་སྔ་དྲོའི་ཆུ་ཚོད་༩།༤༨ བཀའ་དབང་གནང་སྒོ་ལེགས་པར་གྲུབ་པ་དང་།
མཐར་བཀའ་སློབ་སྩལ་དོན། དེ་རིང་ངོས་ཀྱི་ས་ནས་དབང་ཞུས་པ་རེད། མུ་སྟེགས་པས་རིགས་རུས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། ང་ཚོས་འདི་རིགས་དམན་པ་རེད་ཅེས་ཁྱད་གསོད་བྱ་རྒྱུ་དུས་ནམ་ཡང་ཡོད་པ་མ་རེད། མི་ཚང་མ་གཅིག་མཚུངས་རེད་མ་གཏོགས་རིགས་རུས་ཀྱི་སྐད་ཆ་བཤད་པ་དང་། དབུལ་ཕྱུག་གི་སྐད་ཆ་བཤད་རྒྱུ་ཁྱོན་ནས་བྱེད་རྒྱུ་ཡོད་པ་མ་རེད། མི་ཚང་མར་བརྩེ་སེམས་ཡག་པོ་སྒོམ་དགོས། རྒྱ་གར་གྱི་ནང་དུ་རིགས་རུས་ཀྱི་སྐད་ཆ་བཤད་མཁན་དང་། རིགས་དམན་པའི་ལག་ནས་ལྟོ་ཆས་མི་ལེན་པ་ལྟ་བུ་འདུག དེ་ནི་སོ་སོའི་ལུགས་སྲོལ་རེད། ང་ཚོས་སྐྱོན་བརྗོད་བྱེད་རྒྱུ་མེད་ཀྱང་། ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་དང་། སྐབས་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་ཡོད་པ་ཚོས་རིགས་རུས་ཀྱི་དབྱེ་བ་བྱས་ཏེ། མཆོག་དམན་དང་། སེམས་ལ་ཉེ་རྒྱང་གིས་འདི་རིགས་དམན་པ་རེད་ཅེས་ཕར་འཇོག་པ་ལྟ་བུ་ཁྱོན་ནས་བྱ་རྒྱུ་མེད། ང་ཚོ་ཚང་མ་མི་ཡིན་པ་འདྲ་མཉམ་དང་། སངས་རྒྱས་ཀྱི་གོ་འཕང་སྒྲུབ་མཁན་འདྲ་འདྲ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཞུ་མཁན་འདྲ་འདྲ་ཡིན་བསམ་པའི་ཐོག་ནས་ཀུན་ལ་སེམས་སྙོམས་པ་བྱོས་ཤིག ཅེས་དང་།
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་དགེ་བསྙེན་རེད། ངོས་ཀྱིས་ཁོང་གི་ས་ནས་སྤྱོད་འཇུག་ཞུས་པ་ཡིན། རྩ་བའི་བླ་མའི་གྲས་ལ་བཞག་ནས་རྩེ་གཅིག་ཏུ་དད་པ་བྱེད་ཀྱི་ཡོད་མ་གཏོགས་མཐོང་ཆུང་ཁྱོན་ནས་བྱེད་ཀྱི་མེད། ཁྱོད་ཚོས་ཀྱང་དེ་བཞིན་ཆོས་འབྲེལ་ཡོད་ས་ཚང་མར་དད་པ་རྩེ་གཅིག་དང་། རང་ཉིད་དམན་སར་ཟུང་། ངོས་ཀྱིས་བློ་སྦྱོང་རྒྱུན་དུ་འདོན་བཞིན་ཡོད། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང་།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་པ་ཡག་པོ་འདུག་ཨང་། ངོས་རང་ཁྲི་མཐོན་པོའི་སྒང་ལ་བསྡད་དེ་མིང་ཆེན་པོ་ཞིག་ཡོད་ཀྱང་། ང་ཡིན་བསམ་པའི་ང་རྒྱལ་ནམ་ཡང་བྱེད་ཀྱི་མེད། དམན་ས་བཟུང་ནས་སེམས་ཅན་ཀུན་གྱི་འབངས་སུ་བྱས་ཏེ་སེམས་ཅན་གྱི་དོན་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་པ་མ་གཏོགས་ང་ཡིན་བསམ་པའི་ང་རྒྱལ་ཁྱོན་ནས་བྱེད་ཀྱི་མེད། ཅེས་དང་།
རིགས་རུས་ཀྱི་དབྱེ་བ་ཕྱེས་སྟེ། མཐོང་ཆུང་དང་ཁྱད་གསོད་ཁྱོན་ནས་མི་བྱེད་པར་མི་གཅིག་གྱུར་ཡིན་བསམ་དགོས། སྐབས་སུ་བབ་པ་༸རྒྱལ་བ་རིན་པོ་ཆེའི་ས་ནས་དབང་ཞུས་པ་ང་ཚོ་གཅིག་གྱུར་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ལ་ཕན་འདོགས་པ་དང་། བརྩེ་བ་བྱེད་པ་མ་གཏོགས་མཐོང་ཆུང་དང་ཁྱད་གསོད་བྱེད་རྒྱུ་མེད། ངོས་རང་གིས་མི་ལ་མཐོང་ཆུང་ཁྱོན་ནས་བྱེད་ཀྱི་མེད། ཁྱོད་ཚོས་ཀྱང་དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་ས་ནས་ཆོས་འབྲེལ་ཞུས་ཏེ་དམ་ཚིག་གི་འབྲེལ་བ་ཡོད་པ་རེད། མི་སུ་ལ་ཐུག་ནའང་བྱམས་བརྩེ་བྱེད་པ་མ་གཏོགས་མཐོང་ཆུང་བྱེད་པ་ལྟ་བུ་ཁྱོན་ནས་མ་བྱེད་རོགས། ཀུན་ལ་ཕན་སེམས་དང་སེམས་སྙོམས་པ་ཡག་པོ་ཞིག་སྒྲུབ་ཤོག དེ་ལྟར་རིམ་བཞིན་ཁྱོད་ཚོའི་རྒྱུད་ཀྱི་སྤྱན་རས་གཟིགས་ཀྱི་དབང་ཐོབ་ནས་བག་ཆགས་བཟང་པོ་ཞིག་ཡོད་པ་དེ་ག་ལེར་ནུས་པ་ཆེ་རུ་ཕྱིན་ནས་མཐར་སོ་སོ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་འགྱུར་བ་ཡོང་གི་རེད། ཚང་མ་སེམས་སྐྱིད་པོ་དང་བློ་བདེ་བོར་བཞུགས་རོགས། ཆོས་འབྲེལ་གྲུབ་སོང་། ཐུགས་རྗེ་ཆེ། ཞེས་དང་།
དེང་སང་ང་ཚོའི་སྤྱི་ཚོགས་ནང་དུ་ཉལ་ཐ་འཐེན་པ་སོགས་འཕྲལ་སེལ་གྱི་སྣང་བ་སྐྱིད་པོ་ཡོང་བ་ལ་རིལ་བུ་འདྲ་མིན་ཟ་རྒྱུ་སོགས་ནི་ཕུགས་ལ་ཕན་ཐོགས་གང་ཡང་མེད། སོ་སོས་འཕགས་པ་སྤྱན་རས་གཟིགས་སྒོམ་ནས་སེམས་བཟང་པོར་བསྡད་ན་ཚེ་རབས་བརྒྱ་ཕྲག་སྟོང་ཕྲག་ལ་ཕན་ཐོགས་ཡོད། ཉལ་ཐ་དང་ཐ་མ་འཐེན་པ་སོགས་ཀྱིས་འཕྲལ་སེལ་གྱི་དགོས་པ་ཕྲན་བུ་ཞིག་མ་གཏོགས། སོ་སོའི་གཟུགས་པོར་གནོད་པ་དང་། སྤྱི་ཚོགས་ལ་གནོད་པ་རེད། དེར་བརྟེན། དེ་ལྟར་བྱེད་མཁན་ལ་ལྟོས་ནས་སོ་སོས་དེའི་ལད་ཟློས་བྱ་རྒྱུ་མེད། ང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན། ༸རྒྱལ་བ་རིན་པོ་ཆེའི་ས་ནས་དབང་ཞུས་པ་ཡིན། ངས་མ་རབས་ཀྱི་ལས་ཀ་བྱེད་རྒྱུ་ཡོད་པ་མ་རེད། ཅེས་བསམ་བློ་ཐོངས། ཞེས་སོགས་བཀའ་སློབ་སྩལ་ཏེ་བཀའ་དབང་གནང་སྒོ་ལེགས་པར་གྲུབ་པ་དང་། ཐུགས་ཆེ་ཆེན་པའི་དབང་ཆེན་བཀའ་དྲིན་སྩལ་བར་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་དང་། ཀུན་བདེ་གླིང་རིན་པོ་ཆེ། བྱ་དོ་རིན་པོ་ཆེ། འབྲུག་པ་ཁམས་བྲག་རིན་པོ་ཆེ། ཏེ་ལོ་རིན་པོ་ཆེ། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་རྣམ་པ་གཉིས། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་བོད་མིའི་སྤྱི་ཁྱབ་དོན་གྲུབ་བཀྲ་ཤིས་ལགས་སོགས་ཀྱིས་གཙོས་དད་ལྡན་དྲུག་ཁྲི་ལྔ་སྟོང་ (༦༥༠༠༠) བརྒལ་བ་ཆེད་ཕེབས་གནང་ཡོད་པ་བཅས།།