༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་ནས་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༨ ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་སྩལ་གནང་འདུག
དེ་ཡང་གསུང་འཕྲིན་ནང་མགོན་པོ་མཆོག་གིས། ངོས་རང་ལོ་ ༨༨ སོན་པའི་སྐྱེས་སྐར་ལ་འཚམས་འདྲི་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངོས་ཀྱིས་འགྲོ་བ་མི་རིགས་གཅིག་འགྱུར་གྱི་འདུ་ཤེས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག འགྲོ་བ་མི་རིགས་ཀྱི་བདེ་དོན་དང་ཞི་བདེ་ལྡན་པའི་འཛམ་བུ་གླིང་ཞིག་སྐྲུན་ཐབས་སུ་འབད་རྩོལ་གང་ཐུབ་བྱེད་ཀྱི་ཡོད། དེ་ལྟར་ངོས་ཀྱིས་ཉིན་ལྟར། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་སྨོན་ལམ་འདེབས་ཀྱི་ཡོད།
སྤྱིར་འདས་པའི་ལོ་ཟླའི་ནང་དཀའ་ངལ་ཕྲན་ཚེགས་རིགས་ལ་གདོང་ལེན་བྱ་དགོས་བྱུང་ཡང་། ངོས་ཀྱིས་རེ་བ་དང་སེམས་ཤུགས་ཞུམ་པ་མེད་པའི་ཐོག་ནས་མུ་མཐུད་གང་ཐུབ་ཅི་ཐུབ་ཞུས་པ་ཡིན། ངོས་ཀྱིས་བོད་དང་བོད་མིར་སྡུག་རྩུབ་མནར་གཅོད་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཐེ་བའི་སྐྱེས་བུ་སུ་གང་ལའང་གནོད་སེམས་འཆང་གི་མེད།
རྨི་ལམ་གྱི་མཚན་མ་ཐེ་བའི་ལུང་བསྟན་སྣ་ཚོགས་ལ་བལྟས་ན། ངོས་རང་ལོ་བརྒྱ་ལྷག་འཚོ་ཐུབ་པའི་རྟགས་མཚན་འདུག དེ་དང་དུས་མཉམ་ངོས་ཀྱིས་ད་དུང་མུ་མཐུད་གཞན་ཕན་ཆེད་གང་ཐུབ་ཅི་ཡོང་གིས་འབད་རྩོལ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་འདུག །