༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ལྷན་རྒྱས་ལྡི་ལི་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་ཆུ་ཚོད་ ༡༠།༣༠ ཡོལ་ནས་ལ་དྭགས་གླེ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཅིང་། གནམ་ཐང་དུ་ཁྲིག་རྩེ་རིན་པོ་ཆེ་མཆོག་དང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། བྱ་དོ་རིན་པོ་ཆེ། འབྲུག་པ་ཁམས་བྲག་རིན་པོ་ཆེ། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་རྣམ་པ་གཉིས། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་སོགས་ཀྱིས་ཕེབས་བསུ་ཞུས་པ་དང་། གནམ་ཐང་ནས་ལ་དྭགས་མི་མང་དང་བོད་པའི་ཚོགས་སྡེ་ཁག་གིས་ཆིབས་བསུའི་རླངས་འཁོར་སྣ་ཚོགས་སྟེང་རང་ལུགས་ཆས་གོས་ལེགས་པར་སྤྲས་ཏེ་ཕེབས་བསུའི་ཕྲེང་བསྟར་བསྒྲིགས་ཤིང་། གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་བར་གྱི་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་མཇལ་དར་དང་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་ཞུ་བཞིན་པར་མགོན་པོ་གང་ཉིད་མཆོག་གི་ཕེབས་འཁོར་དལ་བསྐྱོད་ཀྱིས་ཉིན་གུང་ཚོད་ ༡།༠༠ ཡོལ་ཙམ་ལ་ཞི་བའི་ཚལ་ཕོ་བྲང་དགེ་འཕེལ་གླིང་དུ་༸ཞབས་སོར་བདེ་བར་འཁོད།
ཕོ་བྲང་དགེ་འཕེལ་གླིང་གི་ཚོམས་ཆེན་དུ་ཁྲིག་རྩེ་རིན་པོ་ཆེ་མཆོག་དང་། ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། ལ་སྤྱི་དོན་གྲུབ་བཀྲ་ཤིས་བཅས་ཀྱིས་རིམ་བཞིན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། མར་རྒྱ་གར་དུ་ཆར་བ་ཤུགས་ཆེན་པོ་དང་། སྨུག་པ་ཧ་ཅང་མང་པོ་འཐིབ་སྟེ། གནམ་སྔོན་པོ་མཐོང་རྒྱུ་མི་འདུག་པས་གནམ་སྔོན་པོ་ཏོག་ཙམ་དྲན་བྱུང་། ལ་དྭགས་སུ་ཡོང་དུས་གནམ་གྲུ་མཐོ་རུ་ཕྱིན་སྐབས་གནམ་སྔོན་པོ་ཧ་ཅང་གསལ་པོ་འདུག རྒྱ་གདིང་དུ་སྨུག་པ་དང་བཞའ་རླན་ཧ་ཅང་མང་པོ་འདུག དེར་བརྟེན། ལ་དྭགས་སུ་ཡོང་འདོད་བྱུང་སོང་། ལ་དྭགས་ནི་ས་སྐམ་པོ་དང་ཉི་མ་ཡག་པོ་ཤར་ས་རེད། རྒྱ་གར་རྒྱ་གདིང་དུ་སྨུག་པ་དང་བཞའ་རླན་མང་པོ་ཡོད་པའི་རིང་ལ་དྭགས་སུ་བསྡད་ན་བསམ་པས་དེ་རིང་ལ་དྭགས་ས་གནས་སུ་འབྱོར་བ་དེ་ལྟར་རེད། ངོས་ཀྱི་ངོ་ཤེས་པའི་ལ་དྭགས་ཀྱི་གྲོགས་པོ་མང་པོ་ཞིག་འདིར་གསོན་རིས་རིས་བྱས་ཏེ་བཞུགས་འདུག ཧ་ཅང་དགའ་བོ་བྱུང་།
རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་ལྟར། ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་། ལྷག་པར་དུ་ལ་དྭགས་ལ་མཚོན་ན་དངོས་གནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་བ་རེད། ཡིན་ནའང་། དུས་ཚོད་མང་པོ་ཕྱིན་པས་བསླབ་པ་སློབ་གཉེར་རྒྱག་པ་ལ་ཏོག་ཙམ་ལྷོད་གཡེང་འགྲོ་བ་ལྟ་བུ་དང་། སྒོམ་རྒྱག་པ་ལའང་ལྷོད་ཡངས་འགྲོ་བ་ཡོང་སྲིད་ཀྱི་རེད། ཁྱོད་ཚོར་དད་པ་ནི་ཧ་ལས་པ་ཆེན་པོ་རེད། དེར་བརྟེན། གཞན་ཕན་གྱི་བློས་ས་ཁུལ་འདིར་སླེབས་ནས་བདུན་ཕྲག་གཉིས་གསུམ་རིང་སྡོད་དགོས་དྲན་པ་རེད། གནས་ཚུལ་ལ་བལྟ་བཞིན་ངོས་རང་ནམ་རྒྱུན་འཇིགས་བྱེད་ཀྱི་ལས་རུང་ཞིག་གཏོང་གི་ཡོད། འདིར་ས་སྐམ་པོ་ཡིན་པས་འཇིགས་བྱེད་ལས་རུང་དེ་བཏང་ན་བསམ་བྱུང་། དེ་མིན་ནའང་། ངོས་ཀྱིས་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་གྱི་ཡོད་པ་དེས་རྩིས་ཟིན་པ་བྱས་ཏེ་ཉི་མ་བསྐྱལ་གྱི་ཡོད། ཅེས་དང་།
ཁྱོད་ཚོ་ལ་དྭགས་ཁུལ་གྱི་སེར་སྐྱ་མི་མང་ཚང་མ་དད་པ་དང་འདུན་པ་རྩེ་གཅིག་ཏུ་ཡོད་པ་རེད། ངོས་རང་འདིར་བདུན་ཕྲག་གཅིག་གཉིས་བསྡད་དེ་ཆོས་འབྲེལ་བྱེད་ཐུབ་ན། སྤྱིར་བཏང་ངོས་ཀྱིས་འདི་ལྟར་མཐོང་གི་ཡོད། ཆོས་ལ་དད་པ་ཤུགས་ཆེན་པོ་རེད། ཡིན་ནའང་། ནང་པའི་ཆོས་ཟེར་བ་ནི། བསླབ་པ་གསུམ་གྱི་ཉམས་ལེན་དང་། བདེན་བཞི་དང་བདེན་པ་གཉིས་ཀྱི་ཐོག་ནས་སྒྲོམ་བསླངས་ནས་འགྲོ་དགོས་པ་ཞིག་རེད། དེར་བརྟེན། འདི་ལྟ་བུའི་ཐོག་ལ་ངོས་ཀྱིས་འགྲེལ་བཤད་བརྒྱབ་པ་ཡིན་ན་ཕན་ཐོགས་མི་ཡོང་ངམ་བསམ་སོང་། ཞེས་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་ཉམས་སྣང་སོགས་ཀྱི་ཐོག་ནས་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་ཡིན་པ་བཀའ་ཕེབས་པ་དང་། རྒྱ་གདིང་ལ་ཆར་བ་དང་སྨུག་པ་ཤུགས་ཆེན་པོ་ཡིན་པས་ལ་དྭགས་སུ་ཆར་གཡོལ་ལྟ་བུར་བདུན་ཕྲག་གཅིག་གཉིས་དང་། འཕྲོད་པོ་བྱུང་ན་བདུན་ཕྲག་གསུམ་ལྷག་བསྡད་ན་བསམ་པ་ངོས་ཀྱི་རྩིས་དེ་ལྟར་རེད། ལ་དྭགས་ཡུལ་མི་ཚོར་མཚོན་ན་སེར་སྐྱ་ཚང་མ་དད་པ་དང་འདུན་པ་རྩེ་གཅིག་རེད། ཁྱོད་ཚོས་ང་མཐོང་ན་དགའ་བོ་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་ཁྱོད་ཚོ་སེར་སྐྱ་ཚང་མས་དགའ་དད་སྤྲོ་གསུམ་ཤུགས་ཆེན་པོ་བྱེད་ཀྱི་འདུག་པས་འདིར་ཡོང་ནས་ཡུལ་མི་ཚོ་དང་དགེ་འདུན་པ་ཚོར་ཐུག་ན་ཧ་ཅང་དགའ་བོ་འདུག ཅེས་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་། བར་སྐབས་རྒྱ་ནག་ནང་དུ་ནང་པ་མང་དུ་འགྲོ་བཞིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་གཞུང་གིས་རྩ་མེད་བཟོ་བའི་ཚབ་ཏུ་རྒྱ་ནག་ཏུའང་ཁྱབ་ཐུབ་པའི་བཟོ་འདུག་ཅེས་ལན་ཀྲུ་ཡི་དགེ་རྒན་ཆེན་མོ་ཞིག་གིས་༸སྙན་སེང་ཞུས་པ་ལུང་འདྲེན་མཛད་པ་དང་། རྒྱ་མིས་སྔ་མོ་ཏཱ་ལའི་ལོག་སྤྱོད་པ་ཞེས་བཤད་ཀྱི་ཡོད་པ་རེད་དེ་བར་སྐབས་མཚམས་བཞག་ཡོད། རྒྱ་ནག་ཏུ་ཏཱ་ལའི་བླ་མ་ལ་དད་པ་བྱེད་མཁན་དང་། ནང་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་ཇེ་མང་དུ་ཕྱིན་པའི་སྐབས་སུ་དེང་སང་རྒྱ་ནག་གཞུང་གིས་ངོས་ལ་བལྟ་སྟངས་དེ་བརྟན་པོ་མ་བྱུང་བ་ལྟ་བུ་འདུག དེར་བརྟེན། རིམ་བཞིན་ངོས་རང་ལྷ་སར་འཁྱུག་ཙམ་འགྲོ་ཐུབ་པའི་བཟོ་ལྟ་ཞིག་འདུག ཅེས་སོགས་མགོན་པོ་གང་ཉིད་མཆོག་གནམ་གཤིས་ཀྱི་ཆ་ནས་ལ་དྭགས་འཕྲོད་པོ་ཡོད་པར་བརྟེན་ལོ་རེ་བཞིན་ལ་དྭགས་ནས་བདུན་ཕྲག་གཉིས་གསུམ་རིང་བཞུགས་རྒྱུའི་དགོངས་བཞེས་ཡོད་པ་སོགས་བཀའ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༩ ཉིན་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་གིས་སྣེ་ཁྲིད་པའི་ཨ་རི་གཞུང་གི་མཐོ་རིམ་མི་སྣ་ཁག་གཅིག་དང་ལྷན་དུ་མཇལ་མོལ་གནང་ཡོད། །